ཧོང་ཀོང་གསར་འགྱུར་ལས་ཁང་གི་ཕྱུག་བདག་Jimmy Lai ལགས་སུ་རེས་གཟའ་ཟླ་བའི་ཉིན་ཁྲིམས་བཤེར་འགོ་འཛུགས་བྱས་འདུག
༢༠༢༣།༡༢།༡༨།
ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་གསར་འགྱུར་ལས་ཁང་གི་ཕྱུག་བདག་Jimmy Lai ལགས་ལ་ཉིན་གྲངས་ ༡༠༠༠ རིང་དོ་དམ་བཀག་ཉར་བྱས་པའི་རྗེས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལྟར་དུ་དམ་དྲག་འོག་ཁྲིམས་བཤེར་བྱེད་འགོ་ཚུགས་འདུག ཧོང་ཀོང་ས་གནས་གཞུང་གིས་ཁོང་ལ་ཕྱི་ཕྱོགས་དང་ལག་འབྲེལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་གཏོར་བརླག་བྱས་པའི་ཉེས་འཛུགས་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ལྟར་ཐག་གཅོད་བྱས་པ་ཡིན་ན་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད། ཨ་མི་རི་ཀའི་གཞུང་དང་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཧོང་ཀོང་གསར་འགྱུར་ལས་ཁང་གི་ཕྱུག་བདག་Jimmy Lai ལགས་སུ་ཁྲིམས་བཤེར་འགོ་འཛུགས་བྱས་པར་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག ཁོང་གློད་བཀྲོལ་གཏོང་དགོས་པ་ཡོངས་ཁྱབ་འབོད་སྐུལ་གནང་འདུག

དེ་ཡང་ཨ་རིའི་མགྲིན་ཚབ་པ་ Mathew Miller གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཏན་འབེབ་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལྟར་ཧོང་ཀོང་དུ་དམངས་གཙོ་དོན་གཉེར་བ་གསར་ཁང་གི་བདག་པོ་ Jimmy Laiལགས་ལ་ཁྲིམས་བཤེར་བྱས་པར་སྐྱོན་བརྗོད་བྱས་ཡོད་འདུག Jimmy Laiལགས་ཁྲིམས་བཤེར་མ་བྱས་པའི་སྔོན་ལ་ཉིན་གྲངས་༡༠༠༠ལྷག་ལ་བཀག་ཉར་བྱས་ཟིན་པ་མ་ཟད། ཁོང་གིས་རང་ཉིད་ལ་ཁྲིམས་རྩོད་པ་གདམ་རྒྱུར་པེ་ཅིང་དང་ཧོང་ཀོང་ས་གནས་གཞུང་གིས་ཡང་ངོས་ལེན་བྱས་མི་འདུག
༢༠༢༣།༡༢།༡༨། གསར་འགོད་པ།
ཨ་རིའི་ཕྱོགས་ནས་པེ་ཅིང་དང་ཧོང་ཀོང་ས་གནས་གཞུང་གིས་ཧོང་ཀོང་གི་གསར་འགྱུར་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་སྦྲགས། ཧོང་ཀོང་ས་གནས་སུ་གསར་འགྱུར་རང་དབང་དང་། བརྡ་འཕྲིན་བརྒྱུད་སྐུར་ལ་ཚད་བཀག་བྱེད་བཞིན་ཡོད་པར། པེ་ཅིང་དང་ཧོང་ཀོང་ས་གནས་གཞུང་གིས་འདེམས་བསྐོའི་ལམ་ལུགས་ལ་བསྒྱུར་བཅོས་བཏང་ནས་ཐད་ཀར་འདེམས་སྐོ་བྱ་རྒྱུ་ཇེ་ཉུང་དུ་བཏང་བ་དང་། སྒེར་ཚུགས་ཅན་གྱི་ཚོགས་པ་དང་དམངས་གཙོར་ཕྱོགས་པའི་མི་སྣ་རྣམས་འོས་བསྡུར་ཞུགས་རྒྱུར་བཀག་འགོག་བྱེད་ཀྱིན་ཡོད་པ་དེས། ཧོང་ཀོང་གི་དམངས་གཙོའི་ལམ་ལུགས་ལ་གཏོར་བརླག་བྱས་ཟིན་ཡོད་པ་གསལ་བཤད་གནང་འདུག ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་ ༡༧ ཉིན་བཏོན་པའི་ཡོངས་ཁྱབ་གསལ་བསྒྲགས་ནང་།
ཧོང་ཀོང་ས་གནས་གཞུང་གིས་བཀག་ཉར་བྱས་པའི་Jimmy Laiལགས་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ཡོད་ཚད་མྱུར་དུ་གློད་གློལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག