ཛ་དྲག་གི་ལྷན་ཚོཌ་ཆེད་ཀྱི་འབོད་སྐུལ།
2013.07.23
༄༅༎བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་བྱ་སྤྱོད་ལ་མི་བཟོད་པར་ངོ་རྒོལ་གནང་སྟེ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན་ནས་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་དཀའ་ངལ་སེལ་ཐབས་ལ་ཛ་དྲག་གི་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
༢༠༠༩ ནས་བཟུང་བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་བསྟུད་མར་ཐོན་ཏེ་ཉེ་ཆར་ཕྱི་ཟླ་༧ཚེས་༢༠ རེས་གཟའ་སྤེན་པའི་ཉིན་བོད་མདོ་སྨད་རྔ་བ་མཛོད་དགེའི་ནང་དུ་དགུང་གྲངས་༡༨ ལ་ཕེབས་པའི་སྐུ་ཞབས་དཀོན་མཆོག་བསོད་ནམས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་གཙོས་ད་བར་ཁྱོན་བོད་མི་རང་ལུས་མེར་སྲེག་བཏང་མཁན་ཁྱོན་༡༢༡ བྱུང་བར་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཟླ་༧ཚེས་༢༤ རེས་གཟའ་ལྷག་པའི་ཉིན་རྒྱབ་ཚོུད་༤ པའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་སྐོང་ཚོགས་གནང་རྒྱུ་ཡིན་ཞིང། མཆོད་འབུལ་སྨོན་ལམ་དེ་ནི་ད་བར་བོད་ཀྱི་བདེན་དོན་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་འདས་སོན་ཡོངས་དང་ཉེས་རྡུང་དང་མནར་གཅོད་མྱོང་བཞིན་པ། བཙོན་འཇུག་བྱས་པ་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་ཆེད་དུ་ཡིན་པ་མ་ཟད། སྐབས་དེའི་ཆོས་འབུལ་སྨོན་ལམ་དུ་འདུ་འཛོམས་བྱུང་བའི་མི་དམངས་ལ་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཏམ་བཤད་ཀྱང་གནང་རྒྱུའི་འཆར་གཞི་ཡོད་པ་རེད། ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་དུ་ཡོད་པའི་འཐུས་མི་རྒྱལ་ཁབ་༤༧ ཡོད་པ་ཚོར་བོད་ནང་དུ་ཛ་དྲག་གི་གནས་སྟངས་ཐོག་ལ་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།།