བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་རྒྱལ་ཁབ་བརྒྱད་ཀྱི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས། བོད་དོན་ཞུ་སྐུལ་གནང་བར་དོ་སྣང་དང་ཤ་ཚའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ།

2024.10.07
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡོ་རོབ་རྒྱལ་ཁབ་བརྒྱད་ཀྱི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས། བོད་དོན་ཞུ་སྐུལ་གནང་བར་དོ་སྣང་དང་ཤ་ཚའི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ།
TPiE

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སྟེ་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་ལགས་དང་། སྤྱི་འཐུས་རིག་འཛིན་ལྷུན་འགྲུབ་ལགས་རྣམ་གཉིས་ཕྱི་ཟླ་ ༩ པའི་ཚེས་ ༢༩ ནས་ཕྱི་ཟླ་ ༡༠ པའི་ཚེས་ ༤ བར་ཡོ་རོབ་ནང་ཕྱོགས་ཕེབས་ཀྱིས། ཡོ་རོབ་སྦེལ་ཇམ་རྒྱལ་ས་སྦར་སིལ་ནང་ཡོ་རོབ་སྤྱི་མཐུན་གྱི་ཁྱབ་ཁོངས་རྒྱལ་ཁབ་ ༢༧ ཡོད་པ་ལས། ཡོ་རོབ་རྒྱལ་ཁབ་བརྒྱད་ཀྱི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཚོར་མཇལ་མོལ་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་བཅའ་སྡོད་སློབ་གྲྭ་ཁག་གི་གནས་ཚུལ། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཕོག་བཞིན་པ་སོགས་ཞུས་པ་མ་ཟད། གལ་ཆེ་ཤོས་ནི་ཉེ་ཆར་ཨ་མི་རི་ཀས་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བ་ཇི་བཞིན། ཡོ་རོབ་རྒྱལ་ཁབ་ཁག་གིས་ཀྱང་བོད་དོན་ཁྲིམས་འཆར་ཅིག་འཇོག་ཐུབ་པའི་དམིགས་བསལ་འབོད་སྐུལ་ཞུས་པར། ཁོང་ཚོས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་གི་འདུག་ཅེས། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྣམ་པ་གཉིས་ཡོ་རོབ་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་ཡང་ཟུར་མཇལ་གྱིས། བོད་ནང་གི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་དང་། ཁོང་རྣམ་པས་བོད་དོན་སྐོར་དགོངས་པ་བཞེས་ཕྱོགས་སོགས་བཀའ་མོལ་ལྷུག་པོ་བྱུང་བ་ཡང་འགྲེལ་བརྗོད་གནང་གི་འདུག

ད་ལན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེར་བོད་དོན་ཞུ་སྐུལ་དང་འབྲེལ་བའི་ལམ་སྟོན་དོན་ཚན་༡༤ཡོད་པ་ཞིག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་གནང་བ་ཡོད་པ་ཁག་ལས་གལ་ཆེ་ཤོས་གྲས་ནི།བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། གནམ་གཤིས་འགྱུར་ལྡོག་གིས་མཚོན་པའི་བོད་ཀྱི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པ། གཙོ་ཆེ་ཤོས་ཨ་མི་རི་ཀས་བོད་རྒྱའི་རྩོད་རྙོག་སེལ་བའི་ཁྲིམས་འཆར་སྐོར་ཡིན་པ་ངོ་སྤྲོད་གནང་གི་འདུག

སྤྱི་འཐུས་བཀྲ་ཤིས་དོན་འགྲུབ་ལགས་དང་སྤྱི་འཐུས་རིག་འཛིན་ལྷུན་འགྲུབ་ལགས་རྣམ་གཉིས་ཟླ་ ༡༠ པའི་ཚེས་༢ ཉིན་ལི་ཐུ་ཝེ་ནི་ཡའི་ཡོ་རོབ་གྲོས་ཚོགས་འཐུས་མི་ལྕམ་ Rasa Jukneviciene ལགས་དང་། སི་པན་གྱི་ཡོ་རོབ་གྲོས་ཚོགས་འཐུས་མི་ཌེ་ན་རི་བྷ་གྷི་ནར་མཆོག་གི་ལས་བྱེད་གཙོ་བོ།ཡང་ཡོ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Petras Austrevicius སོགས་དང་མཇལ་མོལ་གནང་ཐུབ་པ་མ་ཟད། ཟླ་ ༡༠ པའི་ཚེས་ ༢ ཉིན་ཐེ་ཝན་གྱི་སྦར་སིལ་ནང་གི་གཞུང་ཚབ་ཁང་གིས་མགྲོན་འབོད་ལྟར། ཐེ་ཝན་གྱི་ལོ་བརྒྱ་དང་བཅུ་གསུམ་འཁོར་བའི་དུས་དྲན་དུ་བཅར་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎