བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་གནས་སྐབས་རིང་མཚམས་འཇོག་གནང་བ་དེ་སང་ཉིན་མུ་མཐུད་ནས་འཚོག་རྒྱུའི་ཐག་གཅོད་གནང་ཡོད་པ།

བཞུགས་སྒར་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོག་བཞིན་པའི་སྐབས་དང་བསྟུན། གཞི་རིམ་མི་མང་ལས་འགུལ་བ་རྣམས་ཀྱིས་ཁྲིམས་ཞིབ་པ་བསྐོ་བཞག་གནང་དགོས་པའི་རེ་འབོད་ཀྱི་ལས་འགུལ་གྱིས་སྐད་འབོད་གནང་བར། སྤྱི་འཐུས་ཁག་ཅིག་གིས་བདེ་འཇགས་ལ་ཉེན་ཁ་ཡོད་པར་གསུངས་ཏེ། ཕྱི་ཟླ་ ༩ པའི་ཚེས་ ༡༤ ཉིན་གྲོས་ཚོགས་ལས་རིམ་མཚམས་འཇོག་གནང་དགོས་གྱུར་ཡོད་ནའང་། ཕྱི་ཟླ་ ༩ པའི་ཚེས་ ༡༦ ཉིན་སྤྱི་འཐུས་རྣམ་པ་མང་པོ་ཞིག་གྲོས་ཚོགས་འཚོག་རེ་གནང་ནས་ཚོགས་གཙོ་ཚོགས་གཞོན་གྱི་སར་བཅར་བ་མ་ཟད། བདེ་སྲུང་ལས་ཁུངས་ནས་བཀའ་ཤག་ལ་སྙན་གསང་ཞུས་ཏེ་བཀའ་ཤག་གིས་བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ལ་འགན་འཁུར་ཐུབ་པར་ཡིག་ཐོག་ནས་ལན་ཕུལ་ཡོད་པར་བརྟེན། སང་ཉིན་གྲོས་ཚོགས་མུ་མཐུད་ནས་འཚོག་འཆར་ཡོད་པ་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ནས་འགྲེལ་བརྗོད་གནང་གི་འདུག
ཡང་དེ་རིང་ཕྱི་ཚེས་ ༡༦ ཉིན་གྲོས་ཚོགས་འཚོག་རེ་གནང་སྟེ་གྲོས་ཚོགས་སུ་ཕེབས་མཁན་ཨོ་སི་ཊི་ལི་ཤེ་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་ཀྱང་། ང་ཚོའི་གྲོས་ཚོགས་འཚོག་རྒྱུའི་མང་གཙོའི་འགྲོ་སྟངས་ཡག་པོ་མ་ཕྱིན་ན་རྒྱ་ནག་གཞུང་ལ་ལག་པ་འཆང་ས་རག་རྒྱུ་ཡིན་པས།ཕྱོགས་ཡོངས་ནས་མང་ཚོགས་དང་སྤྱི་འཐུས་རྣམ་པ་ཚོས་ཀྱང་བསམ་བློ་བཏང་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་གྲོས་ཚོགས་སུ་ཕྱི་རྒྱལ་སྤྱི་འཐུས་ཁག་ཆེད་དུ་བཅར་ཏེ་ཚོགས་གཙོ་ཚོགས་གཞོན་ལ་བཀའ་མོལ་བྱུང་ཡོད་པས། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས།གནས་སྟངས་ཅི་ཆགས་དང་དེ་ལ་ཐབས་ལམ་ཅི་ཡོད། ཕྱི་རྒྱལ་སྤྱི་འཐུས་རྣམ་པས་མཐུན་འགྱུར་གང་ཡོད་སོགས་ལམ་སྟོན་ཞུ་བར་བཅར་ཡོད་པས། གྲོས་ཚོགས་བསྐྱར་དུ་ཚུགས་ཐུབ་པར་རེ་བ་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་སོགས་ཀྱང་བདེ་སྲུང་དུ་ལྷན་ཚོགས་བཀའ་བསྡུར་ཡུན་རིང་གནང་མཐར། སྲིད་སྐྱོང་མཆོག་ནས་གནད་དོན་དེའི་ཐོག་ཁོང་ལ་གསར་འགོད་པ་ཚོར་དམིགས་བསལ་ཅི་ཡང་གསུང་རྒྱུ་མེད་པ་དང་། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་ལ་ཡི་གེ་ཕུལ་ཡོད་པའི་སྐོར་འགྲེལ་བརྗོད་གནང་སོང་བས། ཕྱི་ཟླ་ ༩ པའི་ཚེས་ ༡༧ ཉིན་མུ་མཐུད་གྲོས་ཚོགས་ལས་རིམ་བསྐྱང་རྒྱུའི་གཏན་ཁེལ་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།