རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་དགོས་སྐོར་བརྗོད་པ་ནི། དོན་དངོས་དང་མི་མཐུན་པའི་ཆ་རྐྱེན་ཡིན་རེད་ཅེས་སྤྱི་འཐུས་ལྷན་ཚོགས་ཀྱིས་ལན་འདེབས་གནང་འདུག
བོད་རྒྱ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་ཐེ་ཝན་གཉིས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་བཞེས་གནང་དགོས་པའི་དོན་དངོས་དང་མི་མཐུན་པའི་ཆ་རྐྱེན་བཏོན་སྟེ། བོད་རྒྱ་འབྲེལ་མོལ་ལ་བར་ཆད་ཀྱིས་གཉིས་ཕན་གྱི་སྲིད་བྱུས་ལམ་ལྷོངས་མ་བྱུང་ཚེ་དེའི་འགན་ཁྲི་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཁྱེར་དགོས་པ་ནན་བརྗོད་གནང་འདུག
དེ་ཡང་ཉེ་སྔོན་ཟླ་ ༢ ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་དང་འབྲེལ་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གྷུའོ་ཇིཡ་ཀུན་ (Guo Jiakun) གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་གནས་བབ་སྐོར་གྲོས་མོལ་བྱ་རྒྱུར་རྒྱ་ནག་གཞུང་གྲ་སྒྲིག་ཡོད་ཀྱང་། ༸གོང་ས་མཆོག་གིས་རྒྱ་ནག་ཁ་བྲལ་གཏོང་པའི་ལངས་ཕྱོགས་དོར་དགོས་པ་མ་ཟད། བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ཡོངས་ཁྱབ་ཐོག་ནས་ངོས་འཛིན་གནང་དགོས་ཞེས་བརྗོད་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་གསུང་འཕྲིན་ནང་། རྒྱ་ནག་གིས་བཏོན་པའི་ཆ་རྐྱེན་དེ་དག་ནི་དོན་དངོས་དང་མི་མཐུན་པས་རྩ་བ་ནས་ཁས་ལེན་བྱེད་ཐབས་མེད་པ་གསུངས་འདུག
ཟླ་ ༣ ཚེས་ ༡༠ བོད་མའི་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༦ པའི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། དེ་སྔོན་རྒྱ་ནག་གཞུང་གི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་རྒྱ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བོད་དང་ཐེ་ཝན་གཉིས་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ཡོངས་ཁྱབ་ཀྱི་ཁས་ལེན་དགོས་ལུགས་ཀྱི་ཆ་རྐྱེན་བཏོན་པ་ནི། དོན་དངོས་དང་མི་མཐུན་པས་ངོས་ལེན་བྱ་ཐབས་མེད་ཅིང་། ཐེ་ཝན་གྱི་གནད་དོན་ནི་ཐེ་ཝན་མི་མང་གིས་ཐག་གཅོད་བྱ་རྒྱུ་ལས་བོད་རྒྱའི་དཀའ་རྙོག་སེལ་བར་འབྲེལ་བ་མེད་ལ། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱ་འབྲེལ་མོལ་ཡོང་བར་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་ཡོད་པ་གསུངས་འདུག དེ་བཞིན་མུ་མཐུད་དོན་དངོས་དང་མི་མཐུན་པའི་ཆ་རྐྱེན་དེ་རིགས་བཏོན་ནས་བོད་རྒྱ་འབྲེལ་མོལ་ལ་བར་ཆད་ཀྱིས་གཉིས་ཕན་གྱི་སྲིད་བྱུས་ལམ་ལྷོངས་མ་བྱུང་ཚེ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་གསུངས་འདུག
གཞན་ཡང་གནད་དོན་འདིའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་དགོས་པ་སྔོན་ཆད་ཆ་རྐྱེན་འདི་ཐེངས་མང་བཏོན་ཟིན་པ་དང་། བར་ལམ་ནས་འདི་སྐོར་གླེང་མེད་ནའང་། དེང་སང་བསྐྱར་དུ་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱེད་དགོས་ལུགས་གཤོད་བཞིན་པ་ནི། ཐེ་ཝན་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་དབར་འབྲེལ་ལམ་བཟང་དུ་ཕྱིན་པ་དང་མཉམ་ལས་ཤུགས་ཆེར་འགྲོ་བཞིན་པ། ཨ་མི་རི་ཀའི་གཞུང་འཛིན་གསར་པ་སླེབས་པ་སོགས་ལ་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་རྒྱུའི་ལྷག་བསམ་རྩ་བ་ནས་མེད་པར། ཨ་མི་རི་ཀ་གཞུང་དང་། ཐེ་ཝན་གཞུང་། བོད་མིའི་སྒྲིག་འཛུགས་བཅས་ཀྱི་དབར་འགལ་ཟླ་བཟོ་འདོད་ཅིག་རེད་ཅེས་དེ་སྔ་འདི་ག་རླུང་འཕྲིན་ཁང་གསུངས་ཡོད།
དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་། བོད་མིའི་ཕྱོགས་ནས་༸གོང་ས་མཆོག་དང་བོད་གཞུང་གིས་ཆ་རྐྱེན་དེ་ཚོར་ཁས་ལེན་རྩ་བ་ནས་གནང་་མྱོང་མེད་ཅིང་། ལོ་རྒྱུས་ཐོག་ནས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐེ་ཝན་རྒྱ་ཁོངས་ཡིན་མིན་ནི་ཐེ་ཝན་དང་རྒྱ་ནག་གི་གནད་དོན་ཞིག་ཡིན་པ་ལས་བོད་དང་འབྲེལ་བ་མེད་ཅེས་གསུངས་ཏེ་ཁས་ལེན་གནང་མེད་ནའང་། ཕྱོགས་ཕན་ཚུན་དབར་བོད་རྒྱ་ཞི་མོལ་ཐེངས་མང་མུ་མཐུད་བྱུང་ཡོད་པས། རྒྱ་ནག་གཞུང་གི་སྐད་ཆ་དེར་ལངས་ཕྱོགས་དང་སྲིད་ཇུས་ཤིག་ཡོད་པར་མཐོང་གི་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
གཞི་རྩའི་ཕྱི་ལོ་ ༡༩༧༩ ནས་བཟུང་རྒྱ་ནག་གཞུང་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་བརྒྱུད་འབྲེལ་བ་མཐུད་ཐུབ་པ་བྱུང་ཞིང་། དེ་རྗེས་རིམ་པས་ཕྱོགས་གཉིས་བར་འབྲེལ་མོལ་རིམ་པ་བྱུང་ཡོད་ནའང་། ཕྱི་ལོ་ ༢༠༡༠ ནས་བཟུང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་ཁོང་གི་སྐུ་ཚབ། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་འགོ་ཁྲིད་ལྷན་དུ་འབྲེལ་མོལ་མཚམས་བཅད་ཡོད། དེ་ལྟར་ནའང་སྔ་ལོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་རྒྱ་ནག་གཞུང་དང་ལྷན་དུ་རྒྱབ་ཕྱོགས་ཀྱི་འབྲེལ་བ་ཡོད་སྐོར་གསུངས་ཡོད་པ་རེད།།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།