ཕྱི་ཟླ་ལྔ་བའི་གྲོས་ཚོགས་འཕར་མ་བར་སྤྱི་འཐུས་ཚོགས་གཙོ་ཚབ་གསར་འདེམས་ཐབས་མེད་པ་རེད་འདུག

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་རྩ་དགོངས་ཞུས་པར་བརྟེན་ཕྱི་ཟླ་ལྔ་པའི་གྲོས་ཚོགས་འཕར་མ་མ་འཚོགས་བར་སྤྱི་འཐུས་ཚོགས་གཙོ་ཚབ་གསར་འོས་འདེམས་བྱ་ཐབས་མེད་པར་གྱུར་ཡོད་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་འདི་ཚེས་༨ཉིན་སྤྱི་འཐུས་དང་ཚོགས་གཙོའི་ལས་གནས་ནས་རྩ་དགོངས་པ་ཞུས་ཡོད་པར་བརྟེན། ཁུངས་ལྡན་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་འཐུས་རྒྱུན་ལས་ཁག་ཅིག་གིས་ཚོགས་ཟུར་པདྨ་འབྱུང་གནས་ལགས་ཀྱི་དགོངས་ཞུ་ཕྱིར་འཐེན་གནང་དགོས་སྐོར་གྲོས་བསྡུར་བྱུང་ཡོད་ཀྱང་ཁག་ཅིག་གིས་ཕྱིར་འཐེན་བྱས་ན་ཕན་ཐོགས་མེད་པ་གསུང་ནས་མོས་མཐུན་བྱས་མེད་པ་རེད་པ་འདུག
གཞན་ཡང་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཀྱང་དགོངས་པ་ཞུས་ཡོད་པ་སོགས་དང་འབྲེལ་ནས་ཚབ་གསར་རྒྱུན་ལས་དང་། ཚོགས་གཙོར་དགོངས་ཞུ་ཡིག་གེ་ཕུལ་བའི་གནས་སྟངས་བཅས་ཀྱི་ཐད། བོད་པའི་གསར་འགོད་པ་རྣམ་པ་སྤྱི་འཐུས་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུ་བར་བཅར་སྐབས་ཁོང་གིས་བཅར་འདྲི་དང་ལེན་གནང་མ་སོང་།
དེ་ནས་དབུས་འོས་བསྡུ་ལས་ཁུངས་སུ་བཅར་ནས་སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་ལགས་དང་། སྤྱི་ཟུར་བློ་བཟང་ཆོས་འབྱོར་ལགས་གཉིས་ཀྱི་དགོངས་ཞུ་དང་འབྲེལ་ནས་ཚོགས་དྲུང་ལས་ཁུངས་ནས་ཡིག་འབྲེལ་གནང་ཡོད་མེད་དང་། དེ་བཞིན་ཚབ་གསར་དབུས་གཙང་དང་མདོ་སྨད་སྤྱི་འཐུས་ཀྱི་སྒུག་ཐོའི་ནང་སུ་ཡོད་མིན་བཅར་འདྲི་ཞུས་པར། ལན་འདེབས་ཁ་གསལ་གནང་མེད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་བསྡུ་བྱེད་ཕྱོགས་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་ང་དྲུག་ནང་གསལ། དབུས་འོས་བསྡུ་ལས་ཁང་ནས་བཀྲམ་པའི་ལས་ཐམ་སྦྱར་མའི་འོས་ཤོག་ནང་གསལ་འོས་གཞིར་སྤྱི་འཐུས་ཡོངས་རྫོགས་ནས་སུ་འོས་གཅིག་ལ་སོ་སོས་རང་མོས་འོས་ཐམ་བརྒྱབ་ཏེ་གསང་བའི་འོས་ཤོག་འཕེན་དགོས་བ་གསལ་བ་བཞིན། སྤྱི་འཐུས་ཡོངས་རྫོགས་ཕྱི་ཟླ་ལྔ་པའི་ནང་མ་གཏོགས་ཚོགས་ཀྱི་མེད་པར་སོང་། ཚོགས་གཙོ་ཚབ་གསར་ཕྱི་ཟླ་ལྔ་པའི་གྲོས་ཚོགས་འཕར་མ་བར་འོས་འདེམས་བྱ་ཐབས་མེད་པ་རེད།
གཞན་ཡང་ཉེ་ལམ་ཕྱི་ཟླ་༣་ཚེས་༢༥ཉིན་སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་རྗེས་འབྲེལ་གྱི་བཅའ་ཁྲིམས་བསྐྱར་བཅོས་ནང་། ཁྲིམས་ཞིབ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་གནང་མཁན་ལ་བསྒྱུར་བཅོས་གནང་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་གནང་མཁན་ནང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཚོགས་གཙོ་གཉིས་ཀ་མེད་པར་སོང་། སྤྱི་འཐུས་ཚོགས་གཞོན་དང་སྲིད་སྐྱོང་མ་གཏོགས་མེད་པའི་གནས་སྟངས་ཆགས་ཡོད་པར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་བསྐོ་བཞག་གནང་ཕྱོགས་ཐད་ལ་རང་བཞིན་གྱི་དོགས་དྲི་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་བཞིན་ཁྲིམས་ཞིབ་པ་རྣམ་པའི་དམ་འབུལ་གནང་ཕྱོགས་ཐད་ལའང་ཁ་གསལ་བཟོ་དགོས་པ་སོགས་སྐབས་བཅུ་དྲུག་པའི་ཕྱི་ཟླ་ལྔ་པའི་གྲོས་ཚོགས་འཕར་མའི་སྐབས་གནད་དོན་མང་དག་ཞིག་གི་ཐོག་གྲོས་བསྡུར་གནང་རྒྱུ་ལྷག་ཡོད་པ་རེད།
གཞན་འདི་ཚེས་༩ཉིན། དབུས་འོས་བསྡུ་ལས་ཁང་ནས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་དགོངས་པ་ཞུས་བའི་ཚབ་ལ། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༥༡པའི་ནང་གསེས་༢པའི་ནང་དོན་ལྟར། སྒུག་ཐོའི་ནང་ཡོད་པ་དགེ་བཤེས་རྔ་བ་གངས་རི་ལགས་མདོ་སྨད་སྤྱི་འཐུས་ལ་བསྐོ་བཞག་བྱས་ཡོད་འདུག