ད་ལྟའི་ཆར་བོད་རྒྱ་འབྲེལ་མོལ་ཡོང་ཁག་པོ་ཆགས་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག

2021.03.26
ད་ལྟའི་ཆར་བོད་རྒྱ་འབྲེལ་མོལ་ཡོང་ཁག་པོ་ཆགས་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག ༣།༢༦།༢༡
དྲ་བཤུས།/TTV

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ན་མ་གཏོགས་གཞན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབྲེལ་མོལ་ཡོང་ཁག་པོ་ཡིན་པ་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་གསལ་བཤད་གནང་སོང་།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་༡༡པ། སྤྱི་ཟླ་༣ཚེས་༢༦ཉིན་བཀའ་ཤག་གིས་གསལ་བཤད་ཐོག་བགྲོ་གླེང་ཟིན་པར་ལན་འདེབས་གསལ་བཤད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་འདས་མ་ད་གསུམ་གང་ལ་བལྟས་ཀྱང་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ན་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཡོང་ཁག་པོ་ཡིན་སྐོར་གསུངས་གནང་སོང་།
བཀའ་ཤག་གི་གསལ་བཤད་ལ་བགྲོ་གླེང་བྱེད་སྐབས། རྒྱལ་སྤྱིའི་སྟེང་ནས་བོད་དོན་རྒྱབ་སྐྱོར་ག་ཚོད་རག་གི་ཡོད་མེད་དང་། ལྷག་པར་དུ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས། བོད་རྒྱའི་འབྲེལ་མོལ་ལ་རེ་བ་ག་ཚོད་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་བྱེད་མ་ཐུབ་པའི་འགག་རྩ་གང་ལ་ཐུག་ཡོད་མེད་སྐོར་ལ་དྲི་བ་དྲིས་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་ནས་དྲི་བ་ཁག་ལ་ལན་འདེབས་དང་སྦྲགས་བོད་རྒྱ་འབྲེལ་མོལ་མ་ཐུབ་པའི་ཐད་བོད་པའི་ཕྱོགས་ནས་གུ་ཡངས་ག་ཚོད་བྱས་ཀྱང་གཙོ་བོ་རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱལ་ཞེན་དང་། ལྟ་བ་མཁྲེགས་འཛིན་གྱི་སྲིད་བྱུས་སོགས་ལ་བརྟེན་ནས་བོད་རྒྱ་འབྲེལ་མོལ་ཡོང་མ་ཐུབ་པ་མ་ཟད། ད་དུང་འཛམ་གླིང་སྤྱི་དང་ལྷག་པར་དུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་སོགས་ཀྱིས་ཡིན་སྐོར་གསུངས་གནང་སོང་།
སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་བཅུའི་རིང་རྒྱལ་སྤྱི་དང་རྒྱ་གར་དེ་བཞིན་བོད་ཕྱི་ནང་གཉིས་ནས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་དང་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་ཐུབ་ཡོད་པ་མ་ཟད། ཆབ་སྲིད་དང་དཔལ་འབྱོར་སོགས་གང་ས་ཅི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་ཡོད་སྐོར་སོགས་གསུངས་ཡོད།
མཇུག་ཏུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བཀའ་ཤག་གིས་ལན་འདེབས་གསལ་བཤད་ཁག་བློ་ངེས་བྱུང་བའི་གྲོས་ཆོད་དུ་ཞེས་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་དང་། གཞན་ཡང་ཁྲིམས་བཟོའི་ལས་དོན་དང་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་ཐད་གྲོས་གཞི་གྲོས་འཆར་ཁག་ཅིག་བཏོན་གནང་ནས་བགྲོ་གླེང་དང་བསྐྱར་བཅོས་གཏན་འབེབས་གནང་ཡོད་ཀྱང་། དེའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པའི་སྐོར་གྱི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དེ་གཏན་འབེབས་གནང་ཐུབ་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎