དགེ་རྒན་རྣམ་པའི་གསོལ་ཕོགས་སྤར་ཆ་དགོས་པ་གྲོས་ཚོགས་ནང་གླེང་སློང་གནང་།

2021.03.24
དགེ་རྒན་རྣམ་པའི་གསོལ་ཕོགས་སྤར་ཆ་དགོས་པ་གྲོས་ཚོགས་ནང་གླེང་སློང་གནང་། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག ༣།༢༤།༢༡
དྲ་བཤུས།/TTV

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་གཙོས་དགེ་རྒན་རྣམ་པའི་གསོལ་ཕོགས་སྤར་དགོས་སྐོར་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ནང་དགོངས་འཆར་དང་གླེང་སློང་གནང་སོང་།
སྤྱི་ཟླ་༣པའི་སྤྱི་ཚེས་༢༤ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་༩པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོང་རིམ་བཞིན་རྩིས་དང་ལས་དོན་བྱ་ཕྱོགས་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་ཇེ་ལེགས་སུ་གཏོང་རྒྱུ་ནི་ཚང་མའི་འོས་འགན་ཆགས་ཡོད་པ་མ་ཟད། སློབ་གྲྭ་ཁག་གི་དགེ་རྒན་ཚོར་ཆེ་བསྟོད་དང་སྦྲགས། ཁོང་ཚོའི་གསོལ་ཕོགས་ངེས་པར་དུ་སྤར་དགོས་པའི་དགོངས་འཆར་བཏོན་ཡོད་པར། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ཀྱིས། སྤྱིར་སློབ་གྲྭ་ཁག་གི་དགེ་རྒན་ཚོར་རང་ཉིད་ཀྱི་ལག་འཁྱེར་དང་མཚུངས་པའི་གསོལ་ཕོགས་ཕུལ་རྒྱུའི་ལམ་སྲོལ་ཞིག་དེ་སྔ་ནས་ཡོད་པ་དང་། སློབ་ཚན་བྱེ་བྲག་པ་གཅིག་དང་ཡང་ན་བོད་ཡིག་དགེ་རྒན་གྱི་གསོལ་ཕོག་སྤར་དགོས་ཞེས་གསུངས་བ་ཡིན་ན། ང་ཚོའི་དགེ་རྒན་སྤྱི་ཡོངས་ཀྱི་གནས་སྟངས་ལ་དགོངས་པ་བཞེས་དགོས་གལ་ཆེ་བ་མཐོང་གི་འདུག འོན་ཀྱང་། ང་ཚོས་བོད་དགེ་ཚོ་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་དམིགས་བསལ་མཐུན་རྐྱེན་རིགས་སྦྱར་རྒྱུའི་ནུས་པ་ཡོད་པ་མཐོང་གི་འདུག་ཅེས་ལན་འདེབས་གནང་སོང་།
ཡང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ཀྱིས། སྤྱིར་སམ་བྷོ་ཌའི་སློབ་གྲྭ་ཁག་ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད་པ་ལས། དེ་མིན་བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་ཁག་གི་དགེ་རྒན་ཚོའི་གསོལ་ཕོགས་ཕུལ་ཕྱོགས་ཐད་ཤེས་རིག་ལས་ཁུངས་དང་ཐད་ཀར་འབྲེལ་བ་མེད་པས། གསོལ་ཕོགས་གཏན་འབེབས་གནང་རྒྱུ་དེ་སློབ་གྲྭ་ཁག་སོ་སོས་ཐག་གཅོད་གནང་གི་ཡོད་པར་བརྟེན། དགེ་རྒན་ཚོའི་གསོལ་ཕོག་སྤར་ཕྱོགས་ཐད་འབྲེལ་ཡོད་སློབ་གྲྭ་ཁག་ལ་ཤེས་རིག་ཁུངས་ནས་འབོད་སྐུལ་ཞུ་ཆོག་ཅེས་གསལ་བཤད་གནང་བ་དང་སྦྲགས། ༢༠༡༥ལོར་བཀའ་ཤག་ནས་གཏན་འབེབས་གནང་བའི་ཕྲུ་གུ་གསུམ་ཡན་གྱི་སྲིད་བྱུས་གཞིར་བཟུང་། ད་བར་ཕྲུ་གུ་གསུམ་ལྷག་ཡོད་པའི་ཁྱིམ་ཚང་ཚོར་ཤེས་རིག་ལས་ཁུངས་ནས་དོད་ཕུལ་བཞིན་ཡིན་པ་འགྲེལ་བརྗོད་གནང་སོང་།
ཡང་ཤེས་རིག་ལས་ཁུངས་ཀྱི་ལས་དོན་གཉེར་ཕྱོགས་ཐད་མུ་མཐུད་བགྲོ་གླེང་གནང་བའི་སྐབས། བོད་མི་མང་སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས། ཉེ་ཆར་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེས་རང་ཉིད་ཀྱི་ལས་གནས་ཐོག་དཔོན་ཉམས་དང་ཚུལ་མིན་ཀུན་སྤྱོད་རིགས་སྟོན་ཡོད་ཚུལ་ལུང་འདྲེན་གྱིས་འབྱུང་འགྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་བྱེད་སུ་འདྲ་ཞིག་གི་ཚུལ་མིན་གྱི་སྤྱོད་པ་དེ་ལྟར་བཏོན་པ་ཡིན་ན་ཐེར་འདོན་བྱ་རྒྱུ་ཡིན་ལུགས་གསུངས་གནང་སོང་།
གཞན་ཡང་༢༠༢༠ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་སྐབས། རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཧ་ཅང་གི་ཡག་པོ་བྱུང་ཡོད་པར། བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་འབྲེལ་ཡོད་ལས་བྱེད་པ་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་སོང་ལ། སྤྱི་ཚེས་༢༥ཉིན་མུ་མཐུད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོང་རིམ་བཞིན་རྩིས་དང་ལས་དོན་བྱ་ཕྱོགས་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎