བོད་ཀྱི་ཆས་གོས་གྱོན་ནས་བོད་སྐད་གཙང་མ་བཤད་དགོས་པ་མང་མོས་གྲོས་ཆོད་བཞག
བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཀུན་གྱིས་ལས་ཁུངས་ནང་བོད་ཀྱི་ཆས་གོས་གྱོན་དགོས་པ་དང་བོད་སྐད་གཙང་མ་བཤད་དགོས་པ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་མང་མོས་གྲོས་ཆོད་བཞག་སོང་།
འདི་ཚེས་༡༩ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་ལྔ་པར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དུ། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པའི་ལས་བྱེད་ཕོ་མོ་ཚང་མས་ཉིན་ལྟར་ལས་ཁུངས་དུ་བོད་ཆས་ཁམས་གཙང་རེ་གྱོན་དགོས་རྒྱུ་མ་ཟད། ལས་ཁུངས་ཁག་ཏུ་བཅར་མཁན་བོད་མི་སེར་སྐྱ་སུ་རུང་ལའང་དེ་བཞིན་ཞེན་སྐུལ་གནང་དགོས་ཀྱི་གྲོས་ཆོད་གྲོས་འཆར་ཅིག་བཏོན་པ་དང་འབྲེལ། བོད་ནང་བོད་མི་གྲངས་ཉུང་མི་རིགས་ཆགས་ནས་རིག་གཞུང་རྣམས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་སྐབས། ང་ཚོ་ལ་ཛ་དྲག་མྱུར་སྐྱོབ་ཀྱི་འགན་འཁྲི་ཡོད་པ་སོགས་གསལ་བཤད་གནང་སྐབས། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༢༨དེ་ལ་རྒྱབ་སྐྱོར་གནང་མཁན། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ནས། བོད་ནང་ཕྱོགས་གང་ཐད་ནས་དཀའ་ངལ་དང་གནོན་ཤུགས་ལ་མ་འཛེམ་པར། བོད་ཀྱི་སྐད་དང་ཡུལ་གོམས་གཤིས་ལུགས་ཐམས་ཅད་སྲུང་སྐྱོབ་ཆེད། པཎ་ཆེན་རིན་པོ་ཆེ་གཙོར་མཛད་ཀྱིས་བོད་མི་མང་པོ་ཞིག་གིས་ཧ་ལས་པའི་སྐུ་ལས་བསྐྱོན་ཡོད་ཅིང་། བཙན་བྱོལ་ནང་མཐུན་རྐྱེན་དང་ལས་འགན་ཁུར་པའི་འོས་བབ་ཡོད་དུས། ངེས་པར་ཐུགས་བསམ་བཞེས་དགོས་པ་གསལ་བཤད་གནང་སོང་།
གཞན་ཡང་གྲོས་ཆོད་གྲོས་འཆར་དེའི་ཐོག་དགག་བྱ་ཞུ་མཁན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས། གྲོས་ཆོད་དེའི་ཀུན་སློང་ལ་དོགས་པ་གང་མེད་དེ། ལག་བསྟར་ཡོང་བའི་གནས་སྟངས་ཤིག་རྩ་བ་ནས་ཆགས་ཐུབ་ཀྱི་མེད་པས། སྤྱི་མོས་ལ་བཏང་གི་མིན་པར་དགག་བྱ་ཞུ་གི་ཡིན་ཞེས་འགྲེལ་བརྗོད་གནང་རྗེས།
གྲོས་འཆར་དེ་ལ་འཁོད་པའི་ད་ཕན་རང་རེའི་བོད་མིའི་སྒྲིག་འཛུགས་མཛད་གཙོ་རྣམ་པ་ཚོའི་གཙོས་དབུས་དང་ས་གནས་ཡན་ལག་དང་བཅས་པའི་ལས་བྱེད་ཚང་མ་ཕོ་མོ་ཁྱད་མེད་ཀྱིས། ཉིན་ལྟར་ལས་ཁུངས་ནང་བོད་ཆས་གོན་དགོས་རྒྱུ་དང་། དེ་བཞིན་བོད་སྐད་གཙང་མ་བརྒྱབ་དགོས་རྒྱུ། ལས་ཁུངས་ཁག་ལ་བཅར་མཁན་བོད་མི་སྐྱ་སེར་སུ་རུང་ལའང་དེ་བཞིན་ཞེན་སྐུལ་གནང་དགོས་པའི་གྲོས་ཆོད་དུ་ཟེར་བ་དེ། མང་མོས་ཐོག་ནས་གཏན་འབེབས་གནང་ཡོད་པ། ཚོགས་གཙོ་དབུ་བཞུགས། སྤྱི་འཐུས་ཚོགས་གཞོན་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་ཡོངས་བསྒྲགས་གནང་སོང་།
དེ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་བུད་མེད་གཅིག་གིས། སྐྱེས་པ་ཕོ་ཚོས་ངེས་པར་དུ་བོད་ཆས་གོན་མི་དགོས་པར། གཟའ་ལྷག་པར་བོད་བཟོས་སྟོད་གོས་གྱོན་བཞིན་པ་དེས་འགྲིག་པར་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་སྲི་ཞུ་བ་གཞན་གཅིག་གིས་གྲོས་ཆོད་དེ་ལ་རྒྱབ་སྐྱོར་དང་སོ་སོ་ཡིན་ན་བོད་གོས་གོན་རྒྱུའི་འདོད་པ་ཡོད་ལུགས་འགྲེལ་བརྗོད་གནང་གི་འདུག
དེ་ལྟར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་འགྲོ་བཞིན་པ་འདིའི་ཐོག་ཏུ། གྲོས་ཆོད་འདིའི་མཇུག་ཏུ་མུ་མཐུད་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་བཞིན་པ་རེད།