བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ཡིན། སྲིད་སྐྱོང་མཆོག་གིས།
ཉེ་ལམ་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་མི་མང་ལངས་གླུ་བཏང་བ་དེ་དབུ་མའི་ལམ་གྱི་དགོངས་དོན་དང་མཐུན་མིན་གྲོས་ཚོགས་ནང་བགྲོ་གླེང་བྱུང་བར་གླུ་དང་སྲིད་བྱུས་བར་དང་ཚོར་བ་དང་ཁྲིམས་ཀྱི་བར་དབྱེ་བ་ཕྱེ་དགོས་པ་སྲིད་སྐྱོང་མཆོག་གིས་ལན་འདེབས་གནང་སོང་།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག སྤྱི་ཟླ་༣པའི་ཚེས་༡༧ཉིན། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་རིམ་པར་ཉེ་ལམ་གསུམ་བཅུའི་དུས་དྲན་སྐབས། གཞུང་འབྲེལ་མཛད་སྒོའི་ཐོག་མི་མང་ལངས་གླུ་བཏང་བཅུག་པར་བཀའ་ཤག་ལ་བསྔགས་བརྗོད་གནང་བ་དང་། ཡང་སྤྱི་འཐུས་ཁག་ཅིག་གིས་དབུ་མའི་ལམ་ལ་ཡིད་ཆེས་དང་རེ་བ་མེད་སྐོར་བཀའ་མོལ་གནང་ཡོད་པར་བརྟེན། མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ནི། མི་མང་གི་བསམ་འཆར་གཞིར་བཟུང་། གྲོས་ཚོགས་སུ་སྤྱི་མོས་ཀྱི་ཐོག་ནས་༧གོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་བ་དེ། གྲོས་ཚོགས་ནས་ངོས་ལེན་ཞུ་གི་ཡིན་ཞེས་སྤྱི་ལོ་༡༩༩༧ལོར་གྲོས་ཆོད་བཞག་པར། ༧གོང་ས་མཆོག་གིས་མཚན་རྟགས་བསྐྱོན་ཏེ་ཁྲིམས་ཐོག་ནས་སྲིད་བྱུས་ལངས་ཕྱོགས་ལ་གཏན་འབེབས་བྱས་ཡོད་པས། སྲིད་བྱུས་དེ་ལ་ཡིད་ཆེས་བློས་འགེལ་མེད་པ་ཡིན་ན། འཛིན་སྐྱོང་དང་གྲོས་ཚོགས་གང་རུང་གི་ཐོག་ནས་མང་མོས་འོས་བསྡུ་ཐག་གཅོད་གནང་དགོས་ཀྱི་འདུག དེ་ལ་གྲོས་ཆོད་གྲོས་འཆར་ཅིག་བསྣམས་ཕེབས་དགོས་པ་དང་། འཛིན་སྐྱོང་གི་གཞུང་འབྲེལ་མཛད་སྒོ་ལ་མི་མང་ལངས་གླུ་བཏང་དགོས་པ་ཤུགས་ཆེར་གསུངས་པ་དེས། རྒྱལ་སྤྱི་དང་བོད་ནང་བཅས་སུ་རྣམ་འགྱུར་ག་རེ་ཐོན་གྱི་ཡོད་མེད་སོགས་དྲི་བ་དང་དགོངས་ཚུལ་གསུང་ཡོད།
དེའི་ཐད་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བཀའ་ལན་གནང་སྐབས། དབུ་མའི་ལམ་ནི་སྲིད་བྱུས་ཤིག་ཡིན་པ་དང་། མི་མང་ལངས་གླུ་ནི་གཞས་ཤིག་ཡིན་པས་གཞས་དང་སྲིད་བྱུས་གཉིས་ཀྱི་བར་དབྱེ་བ་ཕྱེ་དགོས་པ་རེད། གླུའི་ནང་མི་མང་གི་ཚོར་བ་སྟོན་གྱི་ཡོད་པ་དང་སྲིད་བྱུས་ནི་ལག་བསྟར་བྱ་རྒྱུ་དེ་རེད། མི་མང་ལངས་གླུ་དང་གསུམ་བཅུའི་དྲན་གླུ་གཉིས་ཀྱི་ཚིག་ལ་ཁྱད་པར་དེ་ཙམ་མེད་པ་སོགས་གསལ་བཤད་དང་འབྲེལ། གླུ་དང་སྲིད་བྱུས་ཀྱི་བར་དང་ཚོར་བ་དང་ཁྲིམས་ཀྱི་བར་དབྱེ་བ་ཕྱེ་དགོས་པ། རྒྱ་བོད་གཉིས་ཕན་གྱི་ཆེད་རྒྱ་ནག་གཞུང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནང་ན། ང་ཚོ་རྒྱ་ནག་གི་བཅའ་ཁྲིམས་འོག་འགྲོ་གི་ཡིན་ཟེར་བ་མ་གཏོགས་མ་རག་གོང་ནས་འགྲོ་རྒྱུ་དེ་མ་རེད་ཅེས་དང་། རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་དང་། རྒྱལ་རབས་ལོ་རྒྱུས་གཞིར་བཞག་ན་བོད་ལ་རང་བཙན་གྱི་ཐོབ་ཐང་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་གཞིར་བཞག་གིས་རང་ཐག་རང་གཅོད་ནས་བཟུང་རང་བཙན་གྱི་ཐོབ་ཐང་ཡོད་པ་རེད་མོད། དེ་རྩོད་ཆོག་མིན་གྱི་སྐད་ཆ་མེད་པར་རྩོད་མཁན་ལ་རྩོད་རྒྱུའི་ཐོབ་ཐང་ཡོད། ཡིན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་རེད་ཅེས་གསལ་བཤད་གནང་ཡོད་པ་མ་ཟད། ལོ་རྒྱུས་ལྡན་པའི་ཨ་རིའི་སྲིད་བྱུས་ཀྱི་ནང་དུའང་དབུ་མའི་ལམ་འཁོད་དེ་ཁྲིམས་ཆགས་ཡོད་པ་དང་། དེ་བཞིན་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བཏང་ཡོད་པ། ཁེ་ཎ་ཌའི་ནང་དབུ་མའི་ལམ་གཞིར་བཞག་གིས་བོད་རྒྱ་གྲོས་མོལ་བྱ་དགོས་པའི་གྲོས་ཆོད་གྲོས་ཚོགས་སུ་སླེབས་ཡོད་པ་དང་། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པ་སོགས་འཁོད་བསྡད་ཡོད་པ་དང་དུས་མཚུངས་སུ། ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་༩༩ནས་ཀྱང་ཆབ་སྲིད་ཚོགས་པ་ཚང་མས་ནང་མོལ་ཡིག་ཆ་བཞག་པའི་ནང་། གོང་མཚུངས་ལྟར་འཁོད་ཡོད་པ་སོགས་གསལ་བཤད་གནང་ཡོད།
གྲོས་ཚོགས་ཀྱི་ལས་རིམ་ཉིན་གསུམ་པར། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། སྔོན་རྩིས་ཐོག་མུ་མཐུད་ནས་བགྲོ་གླེང་གཏན་འབེབས་གནང་བཞིན་པ་རེད།