བོད་ནང་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཉུང་དུ་ཕྱིན་ཡོད་སྐོར།
2009.02.12
༄༅༎བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མཁན་ཉུང་དུ་སོང་བའི་རྐྱེན་རྒྱ་རིགས་གང་ཙམ་བོད་ནས་ཕྱིར་ལོག་ཏུ་བསྐྱོད་སྲིད་པའི་སྐོར་གནས་ཚུལ་ཐོན་འདུག
དེའང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རོའུ་ཀྲར་གསར་ལས་ཁང་གིས་གསར་འགོད་པ་ཨེ་མ་གེརེམ་ཧེ་རི་སེན་ཞུ་བས་གནས་ཚུལ་བཀོད་དོན་གཞིགས་ན་སྔ་ལོ་བོད་ཀྱི་ས་ཁུལ་གང་སར་བོད་མི་ཚོས་ཞི་རྒོལ་རྒྱ་ཁབ་བྱས་པའི་རྗེས་བོད་ནང་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་ཉམས་རྒུད་དུ་སོང་བའི་གནས་སྟངས་དང་ཡང་ཆབས་ཅིག་བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུར་མཚོན་ན་བོད་མི་ཚོས་ཁྲོམ་གཞུང་ཏོག་རྒྱ་རིགས་ཚོང་ཁང་མེར་བསྲེག་བཏང་བའི་དོན་རྐྱེན་དང་ད་ལྟའང་ས་གནས་བོད་མི་དང་ཕྱི་ཕྱོགས་ནས་གནས་སྤོ་བྱས་པའི་རྒྱ་རིགས་ཚོའི་དབར་རྣོ་ངར་གྱི་འབྲེལ་བའི་རང་བཞིན་གནས་མུས་ལ་བརྟེན་རྒྱ་རིགས་ཚོང་པ་དང་རྒྱ་རིགས་ལས་འཚོལ་བ་མང་པོས་ད་ཆ་རྒྱ་ནག་ཏུ་ཕྱིར་ལོག་འགྲོ་རྒྱུའི་བསམ་བློ་གཏོང་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག གནས་ཚུལ་ནང་བཀོད་པར་གཞིགས་ན་བོད་ནང་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་ཉམས་རྒུད་དུ་འགྲོ་རྐྱེན་ནི་སྔ་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོས་རྒྱ་ནག་གི་བཙན་གནོན་ལ་ཞི་རྒོལ་བྱས་པའི་རྗེས་རྒྱ་ནག་གཞུང་གིས་ལྷ་སའི་ནང་གཏན་སྡོད་བྱེད་རྒྱུའི་ཐེམས་ཐོ་མེད་པའི་བོད་རིགས་རྣམས་བཙན་ཤེས་ཀྱི་ཕྱིར་འབུད་བྱས་པའི་དམ་བསྒྲགས་ཀྱི་སྲིད་ཇུས་དང་ཡང་ཆབས་ཅིག་ལྷ་སའི་གྱེན་ལངས་ཀྱི་གནས་ཚུལ་དེ་དག་རྒྱ་ནག་གི་བརྙན་འཕྲིན་ཐོག་ཇི་མ་ཇི་བཞིན་ལྟ་བུར་རྒྱང་བསྒྲགས་བྱས་སྟེ་ད་ཆ་རྒྱ་ནག་གི་ས་ཁུལ་གཞན་ནས་རྒྱ་རིགས་ཚོས་བོད་ནང་ཡུལ་སྐོར་དུ་བསྐྱོད་རྒྱུར་དོགས་ཟོན་བྱེད་ཀྱི་ཡོད་པ་རེད། དེའི་ཁར་ལྷ་སའི་ཁྲོམ་གཞུང་ཐོག་རྒྱ་རིགས་ཚོང་པ་ཚོར་འདི་ལོ་གྱོང་རྒུན་ཆེ་ཤོས་ཤིག་ནི་སྔ་ལོ་རྒྱ་ནག་གཞུང་གིས་བོད་མི་ཚོར་ཆེས་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་འོག་བོད་མི་རྒྱ་ཕྲག་མང་པོ་དམར་བཤད་བཏང་བ་དང་སྟོང་ཚོ་མང་པོ་འཛིན་བཟུང་བཙོན་འཇུག་དང་ཡང་གར་སོང་ཆ་མེད་དུ་གྱུར་བའི་གནས་ སྟངས་སོགས་ལ་རྐྱེན་པས་འདི་ལོ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་མང་པོས་བོད་ཀྱི་ལོ་གསར་སྲུང་བརྩི་མི་ཞུ་རྒྱུའི་རྣམ་འགྱུར་ལ་བརྟེན་རྒྱ་རིགས་ཚོང་པ་མང་པོའི་ཚོང་འབྲེལ་ཉམས་རྒུད་དང་དེ་བཞིན་རྒྱ་རིགས་ལས་འཚོལ་བ་རྣམས་ལ་ལས་ཀའི་གོ་སྐབས་ཉུད་དུ་འགྲོ་ཡི་ཡོད་པ་རེད། དཔེར་ན་ལྷ་སའི་ཁྲོམ་གཞུང་ཐོག་རས་ཆ་དང་གྱོན་ཆས་ཚོང་ལས་གཉེར་མཁན་རྒྱ་ཁ་ཆེ་ཞིག་གིས་འདི་ལོ་ཚོང་ཁང་གི་བཅའ་དངོས་ཉོ་ཚོང་རྒྱུགས་པོ་མེད་པའི་ཁར་བོད་མི་མང་པོ་ལོ་གསར་སྲུང་བརྩི་ཞུ་རྩིས་མེད་པའི་གནས་སྟངས་འོག་ད་ཆ་ཚོང་ཁང་ནང་ཡོང་མཁན་ཅི་ནས་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག