རང་སྲེག་གཏོང་མཁན་གསུམ་གྱི་ནང་མི་དང་ཐུག་འཕྲད།
2012.12.02
༄༅༎བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་ལ་མི་བཟོད་པར་རང་ལུས་མེ་སྲེག་བཏང་སྟེ་ངོ་རྒོལ་གནང་མཁན་ནང་ནས་མི་གསུམ་གྱི་ནང་མི་ཨ་རེའི་ཕྱི་སྲིད་ལས་ཁང་གི་མཐོ་རིམ་དཔོན་རིགས་ཤིག་ནས་ཐུག་འཕྲད་གནང་སྟེ། ཁོང་ཚོར་ཐུགས་གསོ་དང༌། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐོག་ལ་ཨ་རིའི་ཕྱོགས་ནས་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
ཕྱི་ཟླ་༡༡ པའི་ཚེས་༣༠ རེས་གཟའ་པ་སངས་ཉིན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་Victoria Nuland ཡིས་གསར་འགོད་པར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ངལ་རྩོལ་གྱི་ཐོབ་ཐང་འགན་འཁུར་ཚན་པའི་དྲུང་ཆེ་ཕྱག་རོགས་སྐུ་ཞབས་Micheal Posner མཆོག་གིས། ཕྱི་ཟླ་༡༡ པའི་ཚེས་༢༩ རེས་གཟའ་ཕུར་བུའི་ཉིན་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་གྱི་ཕྱི་སྲིད་ལས་ཁང་གི་ལས་ཁུངས་ཨ་མའི་ནང་བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་སྲེག་བཏང་གནང་མཁན་གསུམ་གྱི་ནང་མི་དང་ཐུག་འཕྲད་གནང་སྟེ། ནང་མི་ཚོར་སེམས་གཏིང་ནས་ཐུགས་གསོ་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་དྲག་གནོན་དང་སྡུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེར་ཧ་ཅང་གི་བློ་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་བའི་གནས་ཚུལ་གསུངས་ཡོད་པ་ལས་ཐུག་འཕྲད་གནང་བའི་ནང་མི་དེ་རྣམས་སུ་ཡིན་མིན་མིང་སོགས་ཞིབ་ཕྲ་གསུངས་མེད་པ་རེད། ད་དུང་ཁོང་གིས། ཉེ་བའི་འཆར་བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་སྲེག་གཏོང་མཁན་ཇེ་མང་དུ་ཕྱིན་ཏེ། ཕྱི་ཟླ་༡༡ པ་ཁོ་ནའི་ནང་ཤེས་རྟོགས་བྱུང་བར་ཁྱོན་བོད་མི་༢༨ ཀྱིས་རང་ལུས་མེ་སྲེག་བཏང་བ་བྱུང་འདུག་པས། ཁོང་ཚོའི་དགོས་འདུན་ནི། བོད་ལ་རང་དབང་དགོས་པ་དང༌། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་ཞུ་བྱ་རྒྱུ་ཡིན་ཞིང༌། ༢༠༠༩ ནས་བཟུང་སྟེ་ཁྱོན་རང་ལུས་མེ་བསྲེག་བཏང་མཁན་༩༠ བྱུང་ཡོད་པ་བརྟེན་ནས། ང་ཚོ་ཨ་རིའི་ཕྱོགས་ནས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བ་དེར་ཧ་ཅང་གི་བློ་འཚབ་ཡོད་ལ། དེ་ལྟར་ཡོང་དགོས་དོན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོར་ཆོས་དད་རང་དབང་དང༌། སྨྲ་བརྗོད་རང་དབང༌། འདུ་འཛོམས་ཀྱི་རང་དབང་གི་ཐོབ་ཐང་མ་སྤྲད་པར་བརྟེན་ནས་བྱུང་བ་རེད། ཉེ་ཆར་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་ངོ་རྒོལ་བྱེད་མཁན་ཐོག་དྲག་གནོན་བྱས་ཏེ་སློབ་ཕྲུག་༢༠ ཙམ་རྨས་སྐྱོན་བཏང་ཡོད་པས་བོད་ནང་གི་གནས་སྟངས་ང་ཚོས་མུ་མཐུད་ནས་གླེང་སློང་བྱེད་རྒྱུ་ཡིན་པ་དང༌། ལྷག་དོན་རྒྱ་ནག་གཞུང་ལ་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་དག་གིས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་གཏོང་གི་ཡོད་པ་དང༌། བོད་མི་རིགས་ཀྱི་ཆོས་ལུགས་དང༌། རིག་གཞུང། མི་རིགས་ཀྱི་ངོ་བོ་རྩ་རླགས་འགྲོ་བའི་ཉེན་ཁ་བཟོ་ཡི་ཡོད་པའི་སྐོར་ཛ་དྲག་གི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།།