གནམ་གཤིས་འགྱུར་ལྡོག་ལ་ཕན་པའི་ལས་འཆར་སྤེལ་གལ་ཆེ།
2008.10.27
༄༅༎རྒྱལ་སྤྱིའི་ཡུལ་ཁག་ཚོས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་ལ་ཕན་པའི་ལས་འཆར་ཛ་དྲག་གི་ངང་སྤེལ་མ་ཐུབ་པ་ཡིན་ན་ཕྱིས་འབྱུང་རྒྱལ་སྤྱིའི་ནང་ད་ལྟ་འཕྲད་བཞིན་པའི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ལས་ཧ་ཅང་གི་ཛ་དྲག་ཆེ་བ་ཞིག་འཕྲད་རྒྱུ་ཡིན་སྐོར་འཛམ་གླིང་ནང་མཚན་སྙན་གྲགས་པའི་དཔལ་འབྱོར་དཔྱད་ཞིབ་པ་མཁས་དབང་ཎི་ཁོ་ལ་སེ་སི་ཊརྣ་ཡིས་ཉེན་བརྡ་བཏང་ཡོད་པ་རེད།
དེ་ཡང་ཁོང་གིས་ཁ་ས་ཨེཇ་ཨེསི་སྦི་སི་ཞེས་པའི་དབྱིན་ཇིའི་དངུལ་ཁང་གི་ལས་འཆར་ཞིག་གི་ཐོག་བཀའ་སློབ་གནང་བའི་ནང་ང་ཚོས་ད་ལྟ་འཛམ་གླིང་ཁྱོན་ཡོངས་ལ་འཕྲད་བཞིན་པའི་དཔལ་འབྱོར་གྱི་དཀའ་ངལ་དེ་ནས་སློབ་གསོ་ལེན་ཏེ་ཕུགས་ལ་ཕུངས་གཞིའི་ཐལ་ཆ་ཆེ་བའི་ལས་རིགས་གང་ཡོད་ལ་སྔ་ས་ནས་སྔོན་འགོག་གང་ཡོད་བྱེད་དགོས་པའི་བསླབ་བྱ་དེ་ལེན་དགོས་ཞེས་དང་དཔལ་འབྱོར་གྱི་ལས་འཆར་ནང་དེ་ལྟར་སྔོན་འགོག་མ་ཐུབ་པའི་ཉེར་ལེན་གྱིས་ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ལ་གདོང་ལེན་བྱ་དགོས་གྱུར་ཡོད་པ་དང་ཡིན་ནའང་གལ་ཏེ་ང་ཚོས་ད་ལྟ་འཛམ་གླིང་ནང་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་ཛ་དྲག་གིས་ལེགས་བཅོས་མ་ཐུབ་པ་ཡིན་ན་ཕྱིས་འབྱུང་དེས་ད་ལྟ་འཕྲད་བཞིན་པའི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ལས་ལྡབ་མང་པོས་དཀའ་ངལ་ཛ་དྲག་ཆེ་བ་ཞིག་འཕྲད་ཀྱི་རེད་ཅེས་གསུངས་ཡོད་པ་རེད།
དཔལ་འབྱོར་མཁས་དབང་ཎི་ཁོ་ལ་སེ་སི་ཊརྣ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འཆར་ཐོག་ལའང་མཁས་པ་ཆེན་པོ་ཞིག་ཡིན་པ་དང་ཁོང་ནི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་སྙན་ཐོ་ཆེད་སྒྲིག་གནང་མཁན་དེ་ཡང་ཡིན་པ་རེད། དེ་ཡང་ཁོང་གིས་ད་ལྟ་རྒྱལ་སྤྱིའི་ཡུལ་ཁག་ཚོས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་དོན་འབྲས་སོན་པའི་སྔོང་འགོག་ཞིག་མ་ཐུབ་པ་ཡིན་ན་དེས་མི་མང་འཐེར་འབུམ་མང་པོ་ས་ཁུལ་གཅིག་ནས་གཞན་ལ་གཞིས་སྤོ་དགོས་པ་འགྱུར་རྒྱུ་དང་དེ་ལྟ་བུའི་གནས་སྟངས་ཀྱི་འོག་འཛམ་གླིང་ནང་འཁྲུག་རྩོད་ཆེན་པོ་དེ་འདྲ་ཡང་ལངས་སྲིད་ཀྱི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།