ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།
2009.11.20
༄༄༎ཐའེ་ལྦན་ཕྱོགས་ནས་རྒྱ་ནག་གི་ལྷན་དུ་དཔལ་འབྱོར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་རེ་བ་བྱེད་པ་ཡིན་ཡང་རྒྱ་ནག་གི་ལྷན་དུ་ཆབ་སྲིད་ཀྱི་བཀའ་མོལ་གནང་རྒྱུ་ད་ལྟ་དུས་ལ་བབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
དེ་རིང་ཐའེ་ལྦནན་གྱི་རྒྱ་ནག་ཐོག་ལ་སྲིད་ཇུས་བཟོ་མཁན་ནམ་ཐའེ་ལྦན་གྱི་རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལྷན་ཁང་གི་འགོ་ཁྲིད་ལྕམ་ལའེ་ཧྲིན་ཡོན་གྱིས་རྒྱལ་ས་ཐའེ་ཕེ་ནང་དུ་ཡོད་པའི་རྒྱ་ནག་གི་དུས་དེབ་ཅེས་པའི་གསར་ཤོག་ལས་ཁང་གི་བཅར་འདྲི་དང་ལེན་ནང་ཐའེ་ལྦན་ཕྱོགས་ནས་རྒྱ་ནག་སྐམ་ས་ཆེན་པོའི་ལྷན་དུ་དཔལ་འབྱོར་དང་རིག་གཞུང་བརྗེ་ལེན་གྱི་སྒོ་མོ་ཕྱེས་པའི་རྗེས་སུ་དངོས་ཡོད་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང། ཐའེ་ལྦན་མི་དམངས་ཚོའི་ངོས་ནས་ད་ལྟའི་དུས་སྐབས་དེ་ནི་ཐའེ་ལྦན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་གཙོ་བོ་དགོས་འདུན་འཛིན་བཞིན་ཡོད་པ་ལས་ཆབ་སྲིད་མ་ཡིན་ཞིང། ཐའེ་ལྦན་གཞུང་ཕྱོགས་ནས་ཀྱང་ད་ལྟའི་དུས་སྐབས་དེར་རྒྱ་ནག་གི་ལྷན་དུ་ཆབ་སྲིད་དང་དམག་དོན་གྱི་གནད་དོན་ནི་གྲོས་མོལ་བྱ་རྒྱུའི་གནད་འགག་གཙོ་བོ་དེ་མ་རེད་ཅེས་གསུང་ཡོད་པ་རེད།
ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་འབྲེལ་ལམ་ཐོག་དེ་སྔའི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའུ་བེན་གྱིས་ལོ་བརྒྱད་རིང་སྲིད་འཛིན་གནང་བའི་རིང་ལ་ཇེ་སྡུག་ཏུ་ཕྱིན་ཏེ་ཁྲེན་ཧྲུའུ་བེན་མཆོག་གིས་ཐའེ་ལྦན་རང་བཙན་གྱི་ཕྱོགས་སུ་མདུན་བསྐྱོད་གནང་ཐབས་ཀྱི་སྲིད་ཇུས་ལ་རྒྱ་ནག་ཕྱོགས་ནས་མཐའ་ཅིག་ཏུ་ངོ་རྒོལ་དང་གལ་ཏེ་ཐའེ་ལྦན་རང་བཙན་ཡིན་པའི་གསལ་བསྒྲགས་བྱས་ཏེ་དྲག་པོའི་ཕར་རྒོལ་བྱ་རྒྱུའི་འཇིགས་སྐུལ་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང། ཡིན་ནའང་ན་ནིང་ཐའེ་ལྦན་གོ་མིང་ཏང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་རྗེས་མཱ་དབྱིང་ཅུའུ་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཐེ་དབན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་རྒྱ་ནག་གི་ལྷན་དུ་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་ཁས་ལེན་བྱས་པ་བཞིན་ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་ཕྱིན་ཡོད་པ་དང། ཡིན་ནའང་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་གོ་མཚོན་རྣམས་ཕྱིར་བསྡུ་བྱས་མེད་པའི་ཁར་ད་དུང་མང་དུ་གཏོང་གི་ཡོད་པའི་གནས་ཚུལ་ཡོད་པར་བརྟེན་ནས་ཆབ་སྲིད་དང་དམག་དོན་འབྲེལ་ལམ་བྱ་རྒྱུར་མུ་མཐུད་ཐའེ་ལྦན་གནས་བཟོད་མི་བདེ་བར་གནས་བཞིན་ཡོད་པ་རེད།