རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་བལ་ཡུལ་ནང་བཀག་སྡོམ་བྱས་པ་བསྐྱར་དུ་གློད་ཡོད་པར། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བློ་འཚབ་གནང་བཞིན་འདུག

2024.08.23
རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་བལ་ཡུལ་ནང་བཀག་སྡོམ་བྱས་པ་བསྐྱར་དུ་གློད་ཡོད་པར། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་བློ་འཚབ་གནང་བཞིན་འདུག
སྒྲིག་བཟོ།/RFA

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ནང་བལ་ཡུལ་གཞུང་གིས་སྤྱི་ཚོགས་འཆམ་མཐུན་ལ་གནོད་འཚེ་ཡོད་པར་དམིགས་ཏེ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ ByteDance ནས་འཛིན་སྐྱོང་བྱེད་བཞིན་པའི་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་ (TikTok) བཀག་སྡོམ་གནང་ཡོད་ནའང་། ཟླ་བ་སྔ་མའི་ནང་བལ་ཡུལ་གྱི་སྲིད་བློན་གསར་པ་ Khadga Prasad Oli ལགས་ཀྱིས་དབང་ཆ་བཟུང་མ་ཐག སྲིད་བློན་ཨོ་ལི་ལགས་ནས་སྤྱི་ཚོགས་དྲ་ལམ་ཚང་མར་ཐོབ་ཐང་འདྲ་མཉམ་དགོས་པའི་བཀའ་ཁྱབ་བཏང་བ་དང་སྦྲགས། བལ་ཡུལ་གཞུང་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་བལ་ཡུལ་ནང་བཀག་སྡོམ་བྱས་པ་དེ་བསྐྱར་དུ་གློད་རྒྱུ་ཡིན་པའི་ཐག་གཅོད་གསལ་བསྒྲགས་ཤིག་ཟླ་བ་འདིའི་ཚེས་ ༢༢ ཉིན་སྤེལ་ཡོད་ཅིང་། བལ་ཡུལ་གྱི་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་གནང་མཁན་གྲས་དང་ཉམས་ཞིབ་པ་ Santosh Sharma ལགས་ནས། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་དེ་བལ་ཡུལ་ནང་བསྐྱར་དུ་གློད་དགོས་བྱུང་བ་ནི། རྒྱ་ནག་གཞུང་གིས་སྐྱོན་འཛུགས་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་ཡོང་གི་ཡོད་པས། བལ་ཡུལ་རྒྱལ་ཁབ་ནང་སྤྱི་ཡོངས་ཀྱི་ཆ་ནས་སྤྱི་ཚོགས་དྲ་ལམ་ཐོག་སྟངས་འཛིན་གྱི་སྲིད་བྱུས་ཤིག་ད་ལྟ་དགོས་གལ་ཧ་ཅང་ཆེན་པོ་རེད་ཅེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

བལ་ཡུལ་གཞུང་འཛིན་སྔ་མ་དེས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་བཀག་སྡོམ་བྱས་དོན་ནི། གཙོ་བོ་བལ་ཡུལ་ནང་སྐད་གྲགས་ཆེ་ནའང་གླེང་གཞི་ཅན་གྱི་ཚོང་པ་ངྷོར་གྷ་པུ་སན་གྱིས་ངོ་རྒོལ་ཤུགས་ཆེ་བྱེད་སྐབས། བལ་ཡུལ་ནང་མི་མང་དག་ཅིག་གིས་ཊིག་ཊོག་བེད་སྤྱོད་བཏང་སྟེ་གནས་ཚུལ་རྫུན་མ་སྣ་ཚོགས་ཁྱབ་སྤེལ་བྱུང་བར་བརྟེན། སྔ་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༣ ཉིན་ནས་བལ་ཡུལ་གཞུང་གིས་ཊིག་ཊོག་བཀག་སྡོམ་བྱས་ཏེ་སྐབས་འཕྲལ་གྱི་བཀག་སྡོམ་ཡིན་པར་བཤད་ཡོད་ཀྱང་། འདས་པའི་བདུན་ཕྲག་གཉིས་ཀྱི་སྔོན་བལ་ཡུལ་གཞུང་ལ་ཊིག་ཊོག་སྤྱི་ཚོགས་དྲ་ལམ་གྱིས་རེ་སྐུལ་ཞུས་པ་ལྟར་ད་ཆ་བཀག་སྡོམ་གློད་ཡོད་པ་དང་། ཊིག་ཊོག་དྲ་ལམ་ཐོག་བལ་ཡུལ་གཞུང་གིས་ཆ་རྐྱེན་ཁག་ཅིག་བཞག་པ་ནི་མཚོན་བྱེད་ཙམ་ལས་ལག་བསྟར་བྱ་ཁག་པོ་ཡིན་ནའང་། དེ་ཚོ་དོན་གྱིས་བལ་ཡུལ་གཞུང་རང་ཉིད་རྒྱ་ནག་གི་སྐྱོན་བརྗོད་གནོན་ཤུགས་ལ་གཡོལ་ཐབས་ཙམ་ཡིན་པས། ད་ཆ་བལ་ཡུལ་ལ་སྤྱི་ཡོངས་ཀྱི་ཆ་ནས་སྤྱི་ཚོགས་དྲ་ལམ་གྱི་ནང་དོན་དང་བདེ་འཇགས། གནད་དོན་འདྲ་མིན་དང་སྒེར་གྱི་བདག་དབང་སོགས་སྟངས་འཛིན་ཐུབ་པའི་སྲིད་བྱུས་ཤིག་སྔར་ལས་ཀྱང་དགོས་གལ་ཧ་ཅང་ཆེན་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས། རྒྱ་ནག་གཞུང་གིས་ཊིག་ཊོག་དྲ་ལམ་བརྒྱུད་གནས་ཚུལ་རྐུ་ཁྱེར་དང་། བོད་དང་ཐེ་ཝན། ཧོང་ཀོང་སོགས་ཀྱི་གནས་ཚུལ་བཀག་སྡོམ་ཡོང་གི་ཡོད་པས། བོད་མི་ཙམ་མིན་པར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དེ་བལ་ཡུལ་གྱི་མི་སེར་ཚོ་ལའང་ཉེན་ཁ་ཆེན་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་སོ་སོ་དང་ལྟ་བ་ཐ་དད་ཀྱི་ལས་འགུལ་ཏེ་བོད་དང་ཐེ་ཝན། ཧོང་ཀོང་སོགས་ཀྱི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཆ་ཚང་དྲ་ལམ་དུ་བཀག་སྡོམ་གྱིས། ལམ་འཕྲལ་འཛིན་བཟུང་གི་སྲིད་བྱུས་བཟུང་ཡོད་པས། རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་དྲ་ལམ་ཁག་ནས་མི་མང་གི་ལག་ཐོག་ཁ་པར་ལས་གནས་ཚུལ་མང་པོ་བསྡུ་རུབ་བརྐུས་ཁྱེར་བྱེད་བཞིན་པ་སོགས་ཀྱིས། འཕྲུལ་ཆས་དེ་རིགས་བལ་ཡུལ་ནང་བསྐྱར་དུ་སྒོ་ཕྱེས་པ་དེས། བོད་མི་ཙམ་མ་ཟད་བལ་ཡུལ་རང་གི་མི་སེར་ཚོས་ཀྱང་སེམས་འཚབ་གནང་དགོས་པ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ལ། བལ་ཡུལ་དུ་རྒྱ་ནག་གི་དྲ་ལམ་ཊིག་ཊོག་བེད་སྤྱོད་བཏང་མྱོང་བ་བསྟན་འཛིན་ལགས་ནས། དྲ་ལམ་དེ་སྒོ་ཕྱེས་པ་ནི་རྒྱ་ནག་གཞུང་རང་ལ་ཁེ་ཕན་ཡོད་པ་དང་། རྒྱ་ནག་གཞུང་རང་གི་གསང་བ་བསྡུ་ལེན་དང་ཁོ་རང་ཚོ་དང་ལངས་ཕྱོགས་མི་མཐུན་པའི་ཆབ་སྲིད་ཀྱི་གནས་ཚུལ་འདྲ་མིན་བཀག་སྡོམ་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག

བལ་ཡུལ་ནང་ཊིག་ཊོག་དྲ་ལམ་བེད་སྤྱོད་གཏོང་མཁན་ས་ཡ་གཉིས་དང་འབུམ་ལྔ་ལྷག་ཡོད་པ་ཕལ་ཆེ་བ་གཞོན་སྐྱེས་ཡིན་པས། རྒྱ་ནག་གཞུང་གིས་ཊིག་ཊོག་དྲ་ལམ་སོགས་མཉེན་ཆས་སྣ་ཚོགས་བརྒྱུད། གསང་བའི་གནས་ཚུལ་འཚོལ་བསྡུ་དང་རྐུ་འཁྱེར་སོགས་སོ་སོའི་ཁེ་ཕན་ཆེན་པོ་སྒྲུབ་བཞིན་ཡོད་པར་བརྟེན། འདས་པའི་ལོ་ཤས་ནང་ཨ་མི་རི་ཀ་དང་དབྱིན་ཡུལ། ནིའུ་ཛི་ལཎ་ཌི་བཅས་ཀྱི་གཞུང་འབྲེལ་ཁ་པར་ཐོག་རྒྱ་ནག་གི་ཊིག་ཊོག་མ་ལག་བེད་སྤྱོད་མི་ཆོག་པར་བཟོས་པ་དང་། ཕྱི་ལོ་ ༢༠༢༠ ལོ་ནས་རྒྱ་གར་གྱིས་ཀྱང་རྒྱ་ནག་གི་ཊིག་ཊོག་གཙོས་པའི་མཉེན་ཆས་བརྒྱ་ལྷག་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པར་གཟིགས་ཏེ་བཀག་སྡོམ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎