རྒྱ་ནག་གིས་གཉེར་བཞིན་པའི་བོད་རིག་པའི་ཚོགས་འདུ་ཁག་ནི་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཙམ་ལས་བོད་ཀྱི་རིག་གཞུང་དང་འཕེལ་རྒྱས་ལ་འབྲེལ་བ་གང་ཡང་མེད་པ། ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག

2024.08.22
རྒྱ་ནག་གིས་གཉེར་བཞིན་པའི་བོད་རིག་པའི་ཚོགས་འདུ་ཁག་ནི་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཙམ་ལས་བོད་ཀྱི་རིག་གཞུང་དང་འཕེལ་རྒྱས་ལ་འབྲེལ་བ་གང་ཡང་མེད་པ། ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བོད་རིག་པའི་ཧི་མ་ལ་ཡའི་ཚོགས་འདུ། ༢༠༢༤། ༨། ༢༡།
China state media

ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༨ པའི་ཚེས་ ༢༡ ཉིན། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་ཐེངས་བཞི་པ་དེ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་ཏེ། བརྗོད་གཞི་གཙོ་བོ་རྒྱ་ནག་གཞུང་གིས་བོད་ལ་བཅོས་སྒྱུར་བྱས་ཏེ་ལོ་ངོ་ ༦༥ དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱི་བོད་ཀྱི་ལས་དོན་སྐོར་གཏམ་བཤད་གཞིར་བཞག་ནས་བགྲོ་གླེང་བྱས་སྐོར་བརྗོད་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་དང་འབྲེལ་བའི་ཚོགས་འདུ་མང་དག་ཅིག་ཚོགས་ཀྱི་ཡོད་ན་ཡང་། དེ་དག་ཚང་མ་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཙམ་དང་། ཕྱི་ཕྱོགས་སུ་ཚོགས་བཞིན་པའི་བོད་རིག་པའི་ཚོགས་འདུ་ཁག་ལ་ཡ་ལན་དང་། བོད་རིག་པ་དེ་ཁོ་རང་ཚོའི་འདོད་མོས་བཞིན་སྟངས་འཛིན་བྱེད་ཐབས་ལས། བོད་ཀྱི་རིག་གཞུང་དང་བོད་རིག་པ་དང་འབྲེལ་བ་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

ཐེངས་འདིར་རྒྱ་ནག་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་པའི་ཚོགས་འདུ་དེའི་ཐོག ཚོགས་ཞུགས་པ་ཚོས་རྒྱ་ནག་ལུགས་ཀྱི་དེང་རབས་ཅན་གཞི་རྩར་བཟུང་ནས་བོད་རིག་པའི་འཕེལ་རྒྱས་སྐོར་དང་། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་བཅས་ལ་དམིགས་ནས་བགྲོ་གླེང་བྱས་ཡོད་སྐོར་སོགས་བསྒྲགས་ཡོད་ན་ཡང་། གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Observer Research Foundation) ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སྐུ་ཞབས་ (Kalpit Mankikar) ལགས་ནས། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་ཚོགས་འདུ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི། ཨ་མི་རི་ཀའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཞིན། རྒྱལ་སྤྱིའི་ཁྲོད་གླེང་སློང་སོགས་ཀྱི་ཐད་ཐུགས་འཁུར་བཞེས་བཞིན་པ་དེར་ཡ་ལན་ཚུལ་དང་། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡོད་སྐོར་དྲིལ་བསྒྲགས་ཆེད་ཡིན་པ་ལས། བོད་དང་བོད་ཀྱི་རིག་གཞུང་སོགས་ལ་དམིགས་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་ཚོགས་འདུའི་མིང་ལ་བོད་རིག་པའི་ཧི་མ་ལ་ཡའི་ཚོགས་འདུ་ལས། རྒྱ་ནག་གིས་ནམ་རྒྱུན་སྤྱོད་བཞིན་པའི་ཤི་ཙང་ཟེར་བ་སོགས་བེད་སྤྱོད་བྱས་མེད་པ་དང་། བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་ནི་རྒྱ་ནག་གིས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། རྒྱ་ནག་གི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཟེར་བ་གཉིས་ནས་མཉམ་འབྲེལ་ཐོག་གོ་སྒྲིག་བྱས་པའི་རྒྱལ་ཁབ་རིམ་པའི་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་བཞིན་ཡོད་ན་ཡང་། ཟླ་བ་ཚེ་རིང་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་དྲིལ་བསྒྲགས་ཚོགས་འདུ་དང་། དུས་དེབ་དང་ཚགས་པར་སོགས་སྟོང་ཕྲག་འདོན་སྤེལ་བྱས་ཡོད་ན་ཡང་། དམིགས་ཡུལ་གཙོ་བོ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་གྱི་རྫུན་བསྒྲགས་དང་། བོད་ཀྱི་ཆོས་དང་རིག་གནས་ཚང་མ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་སྐོར་ལས། དེ་ལྟར་མི་བཤད་པའི་རིགས་ཆ་ཚང་ནག་བསུབ་གཏོང་ཐབས་བྱེད་བཞིན་ཡོད་པ་གསུངས་བྱུང་།

བོད་རིག་པའི་ཧི་མ་ལ་ཡའི་ཚོགས་འདུ་ཟེར་བ་དེ་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོར་གསར་འཛུགས་བྱས་ཡོད་པ་དང་། ད་བར་ཐེངས་བཞི་འཚོགས་ཡོད་འདུག་ལ། རྒྱ་ནག་གཞུང་ངོས་ནས་ཐེངས་འདིར་ཚོགས་འདུ་དེར་རྒྱ་ནག་པེ་ཅིན་གྱི་བོད་རིག་པ་བ་དང་། ལྷ་ས། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ནས། རིག་གཞུང་ཆེད་མཁས་པ་ ༩༠ ལྷག་མཉམ་ཞུགས་བྱས་ཡོད་སྐོར་བཀོད་འདུག་ལ། སྤྱིར་རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་ཚོགས་འདུ་དང་འབྲེལ་རྒྱལ་སྤྱིའི་སྟེང་བོད་དེ་ཡར་རྒྱས་ཕྱིན་སྐོར་དང་། གྲུབ་འབྲས་ཡོད་སྐོར་གྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། ཚོགས་འདུ་དེ་རིགས་ལ་ནམ་རྒྱུན་རྒྱ་ནག་གཞུང་དང་ལངས་ཕྱོགས་མཐུན་པའི་ཕྱི་ཕྱོགས་ཀྱི་མི་སྣ་ལས། ཕྱི་རྒྱལ་གྱི་ཆེད་མཁས་པ་ཚོ་མཉམ་ཞུགས་གནང་བའི་ཚད་ཧ་ཅང་ཉུང་ཉུང་ཡིན་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎