བོད་གནས་མཁས་དབང་ ༣༥ ཙམ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བརྙན་རིས་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་བྱས་པའི་ཐོག་བློ་ཕམ་ཡོད་པའི་སྤྱི་བསྒྲགས་སྤེལ་པ།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་པའི་ཨ་རི་དང་དབྱིན་ཇི། ཕ་རན་སི། འཇར་མ་ནི། ནོར་ཝེ་སོགས་འཛམ་གླིང་ཡུལ་གྲུ་ཁག་གི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁག་ཅིག་གཙོ་བོར་བྱས་པའི་བོད་གནས་མཁས་དབང་མི་གྲངས་སུམ་ཅུ་སོ་ལྔ་ཡིས་ས་རྟགས་བཀོད་དེ་ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རིམ་དང་འབྲེལ་བའི་གནས་ཚུལ་ཆ་ཚང་ལ་ཞིབ་འཇུག་མ་བྱས་པར་ཟུར་བཏོན་བརྙན་པར་ལོག་སྤེལ་བྱས་ཡོད་པ་དེར་བློ་ཕམ་ཆེན་པོ་བྱུང་ཞེས་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་འདུག གསལ་བསྒྲགས་དེའི་ནང་ད་དུང་༧གོང་ས་མཆོག་ལ་མཚན་སྨད་ཞུས་པའི་དོན་རྐྱེན་དེ་ནི་གཞི་མེད་སྐྱོན་བརྗོད་ཅིག་ཡིན་པ་དང་། དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཚོར་ཕོག་ཐུག་ཆེན་པོ་བྱུང་ཡོད་ཅིང་། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་གིས་རང་ཉིད་ཀྱི་ཤེས་རྟོགས་གསལ་པོ་མེད་པར་མི་རིགས་དང་རྒྱབ་ལྗོངས་གཞན་གྱི་རིག་གཞུང་དང་སྲོལ་རྒྱུན་ལ་རྒྱུས་མངའ་མེད་པའི་གནས་བབ་འོག་གནས་ཚུལ་སྤེལ་རྒྱུར་ངེས་པར་དུ་ཡིད་ཟབ་ནན་ཏན་བྱ་དགོས་པའི་འབོད་སྐུལ་ཡང་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༤ ཚེས་༡༣ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་ཀྱང་། བརྙན་ཐུང་དེ་ཐོག་མར་བསྐྱར་དུ་འགྲེམས་སྤེལ་བྱེད་མཁན་ནི། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་བྱམས་བརྩེའི་གཟིགས་སྐྱོང་གནང་བའི་ཁྲོད་བརྙན་པར་བཅད་བཏུབ་བྱས་ནས་ཁྱབ་གདལ་བཏང་པའི་གནས་ཚུལ་འདི་ནི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་རྒྱ་གར་གྱི་སློབ་མ་ ༡༢༠ ཙམ་ལ་བཀའ་སློབ་བསྩལ་གནང་མཛད་པའི་སྐབས་གྱི་བརྙན་ཐུང་ཞིག་ཡིན་ཞིང་། བྱིས་པ་དེས་མཛད་སྒོའི་སར་དྲི་བ་དྲིས་ལན་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐམ་འཁྱུད་ཆོག་གི་རེད་དམ་ཞེས་བཀའ་འཁྲོལ་ཞུས་པའི་རྗེས་སུ་བྱམས་སྐྱོང་གནང་པའི་གནས་ཚུལ་ཞིག་ཡིན་པ་རེད། སྐབས་དེར་བྱིས་པ་དེ་དང་བྱིས་པ་དེའི་སྤོ་བོ་ལགས་བཅས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་པ་དང་། བཀའ་སློབ་ཞུ་རྒྱུ་བྱུང་པ། དེ་བཞིན་བྱིས་པ་དེར་འདི་ལྟའི་བྱམས་སྐྱོང་ཐོབ་པར་བཟང་པོའི་ནུས་ཤུགས་ཤིག་ཐོབ་བྱུང་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།