བོད་མིའི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་ཁྲོད་བོད་སློབ་ཁག་ནས་མུ་མཐུད་ཧི་མ་ལ་ཡ་དང་རྒྱ་གར་ཡུལ་མི་སློབ་ཕྲུག་མང་དག་ཅིག་ལ་ཤེས་ཡོན་གོ་སྐབས་འདྲ་མཉམ་སྤྲོད་བཞིན་འདུག
༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༢ ནས་ ༠༤ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་བོད་སློབ་ཁག་གི་སློབ་སྤྱི་དང་དགེ་ཆ་རྣམས་ལ་དམིགས་པའི་སློབ་གྲྭའི་འགོ་ཁྲིད་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ནང་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་བཞི་བཅུ་ལྷག་མཉམ་ཞུགས་གནང་ཐོག བོད་སློབ་ཁག་གི་འགོ་ཁྲིད་རྣམ་པའི་ནུས་པ་གོང་མཐོར་དང་སློབ་གྲྭའི་འཛིན་སྐྱོང་ཡར་རྒྱས་གཏོང་ཐབས་ཀྱི་ཐབས་བྱུས་སློབ་སྟོན་ཞུས་འདུག
དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པར་བརྟེན། སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་དང་སྒོ་རྒྱག་དགོས་པའི་དཀའ་ངལ་འཕྲད་བཞིན་ཡོད་ནའང་། ད་ཡོད་སློབ་གྲྭ་ཁག་གི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏང་རྒྱུ་དང་། སློབ་གྲྭའི་འགོ་ཁྲིད་རྣམ་པའི་ནུས་པ་གོང་མཐོར་གཏང་རྒྱུ་དེ་སྔར་ལས་དགོས་གལ་ཆེ་བར་གྱུར་ཡོད། གནས་སྟངས་དེ་དང་འབྲེལ་ཏེ་འདི་གའི་གསར་འགོད་པས་ཚོགས་ཞུགས་དགེ་རྒན་ཁག་ཅིག་ལ་དེང་སྐབས་བོད་སློབ་ཁག་ཏུ་བོད་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་དང་། དཀའ་ངལ་དེའི་ཁྲོད་བོད་མིའི་སློབ་གྲྭ་ཁག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་དང་། ལྷག་པར་ས་གནས་རྒྱ་གར་ཡུལ་མིའི་སློབ་ཕྲུག་མང་དག་ཅིག་ལ་ཤེས་ཡོན་གྱི་གོ་སྐབས་སྤྲོད་བཞིན་པའི་གནས་སྟངས་སྐོར་བཀའ་འདྲི་ཞུ་སྐབས། སྤྱི་ཡོངས་ཀྱི་སློབ་གྲྭ་ཁག་ལ་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་ཛ་དྲག་གནས་སྟངས་དེ་བློ་འཚབ་བྱེད་དགོས་པའི་གནས་སྟངས་ཞིག་ཏུ་འགྱུར་ཡོད་པ་དང་། གནས་སྟངས་དེས་རྐྱེན་པའི་སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་གཏོང་དགོས་བྱུང་བ་མ་ཟད། བོད་སློབ་མི་ཉུང་བ་ཞིག་སྒོ་རྒྱག་དགོས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་སློབ་གྲྭའི་འགོ་ཁྲིད་སྐོར་ཞིག་གིས་གསུང་གི་འདུག
དེ་ཡང་རྒྱ་བལ་གཉིས་སུ་ཡོད་པའི་བོད་སློབ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་མ་ཟད། སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་དང་། མི་ཉུང་བ་ཞིག་སྒོ་རྒྱག་དགོས་པའི་གནས་སྟངས་དེ་གཙོ་བོ་བོད་ནས་བཙན་བྱོལ་དུ་ཡོང་མཁན་གྱི་སློབ་ཕྲུག་གི་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་པ་དང་། གཉིས་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱེད་མཁན་མང་དུ་ཕྱིན་པ། གསུམ་ནས་བོད་མིའི་སྤྱི་ཚོགས་ནང་བྱིས་པའི་སྐྱེ་ཚད་ཉུང་དུ་ཕྱིན་པའི་རྐྱེན་གྱིས་ཡིན་སྐོར་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཉེ་ལམ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་མིའི་སློབ་གྲྭའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དོན་བགྲོ་གླེང་སྐབས་གསུངས་ཡོད། དཀའ་ངལ་དེ་ནི་མ་འོངས་བོད་ཀྱི་འཐབ་རྩོད་དང་འབྲེལ་བ་ཆགས་ཡོད་སྟབས། དེར་དུས་བསྟུན་སྤྱི་སྒེར་གཉིས་ནས་གདོང་ལེན་དགོས་པ་མ་ཟད། ལྷག་པར་སྒྲིག་འཛུགས་ངོས་ནས་དཀའ་ངལ་དེ་རིགས་ལ་དགོངས་བཞེས་ཀྱིས་ཐབས་ལམ་འཚོལ་དགོས་སྐོར་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་ཉིན་སློབ་ཀྱི་དགེ་ཆེ་མིག་དམར་ཚེ་རིང་ལགས་ནས་ཐུགས་འཚབ་དང་བཅས་ནན་བརྗོད་གནང་གི་འདུག དེ་མ་ཟད་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཆོས་སྒྲོན་ལགས་ནས་ཀྱང་སློབ་གྲྭ་ཁག་ལ་སློབ་མ་ཉུང་དུ་འགྲོ་བཞིན་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་ཞིང་། དཀའ་ངལ་དེ་རིགས་ལ་ད་ལྟ་ནས་སྔོན་འགོག་མ་བྱས་ན་སླད་ཕྱིན་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་བཞེད་ལྟར་བཙན་བྱོལ་བོད་ཕྲུག་རྣམས་ལ་གནའ་དེང་ཤེས་ཡོན་ཟུང་སྦྲེལ་གྱི་སློབ་ཁྲིད་གནང་ཡུལ་རྒྱ་བལ་གཉིས་སུ་སློབ་གྲྭ་མང་དག་ཅིག་འཛུགས་སྐྲུན་གནང་ཡོད་ཅིང་། བར་ལམ་སློབ་ཕྲུག་གི་གྲངས་འབོར་ཉུང་དུ་ཕྱིན་པའི་དཀའ་ངལ་ལ་བརྟེན་ནས་སློབ་གྲྭ་ཁག་ཅིག་ཟླ་སྒྲིལ་དང་སྒོ་རྒྱག་དགོས་པའི་གནས་སྟངས་སུ་གྱུར་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་སློབ་སྡེ་ཁག་བཞི་སྟེ། རྡ་ས་བོད་ཁྱིམ་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པ། མ་སུ་རི་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩའི་སྟངས་འཛིན་འོག་ཡོད་པའི་སློབ་གྲྭ་ཁག་གིས་ཆོས་དང་རིག་གཞུང་ཐུན་མོང་དུ་འདོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སེར་སློབ་ཕྲུག་མང་དག་ཅིག་ལ་ཤེས་ཡོན་གྱི་གོ་སྐབས་བོད་ཕྲུག་དང་འདྲ་མཚུངས་སྦྱོར་བཞིན་ཡོད། དེ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དུས་ནས་དུས་སུ་ཧི་མ་ལ་ཡའི་བོད་རིགས་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་དར་འཕེལ་རྒྱུན་འཛིན་བྱ་ཐབས་ལ་འགན་ཁུར་དོ་སྣང་དགོས་པའི་ལམ་སྟོན་གནང་གི་ཡོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་གི་སྒྲིག་འཛུགས་ཁག་ཏུ་ཧི་མ་ལ་ཡའི་བོད་རིགས་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་འདྲ་མཚུངས་མཁོ་སྤྲོད་དགོས་པའི་ལམ་སྟོན་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་བ་ ༠༡ ཚེས་ ༠༧ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩལ་སྐབས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དེང་སང་སློབ་ཕྲུག་གྲངས་ཚད་ཉུང་དུ་འགྲོ་བཞིན་ཡོད། སློབ་གྲྭ་དེ་དག་གི་ནང་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་ཡིག་སྦྱོང་འདོད་ཡོད་མཁན་ཕྲུ་གུ་ཚོ་སློབ་འཇུག་བྱེད་རྒྱུའི་སྐོར་འབྲེལ་ཡོད་ཚོར་ཞུས་ཡོད། ཅེས་ལམ་སྟོན་མཛད་ཡོད་པ་རེད།
དེ་འབྲེལ་རྡ་ས་བོད་ཕྲུག་ཁྱིམ་སྡེ་ལྟ་བུར་མཚོན་ན། སློབ་གྲྭའི་སྡེ་ཁག་དེའི་འོག་སློབ་གྲྭ་གྲངས་བཅུ་གཉིས་ཙམ་ཡོད་པའི་ནང་སློབ་ཕྲུག་གྲངས་ ༥༢༧༤ ཡོད་ཅིང་། དེའི་ཁོངས་སློབ་ཕྲུག་གྲངས་ ༡༧༢༧ (བརྒྱ་ཆ། ༣༢་༧) ཧི་མ་ལ་ཡའི་བོད་རིགས་གཙོ་བོར་གྱུར་བའི་ཕྱི་མིའི་སློབ་ཕྲུག་ཡིན་པ་དང་། བོད་ཁྱིམ་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་སློབ་འཇུག་གནང་རྒྱུའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ཐུགས་རེ་ལྟར་ཧི་མ་ལ་ཡའི་བོད་རིགས་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སློབ་ཁྲིད་གནང་སྟེ། ཧི་མ་ལ་ཡའི་བོད་རིགས་རྣམས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཞུ་མཁན་ཞིག་ཏུ་སྒྱུར་ཐབས་ཡིན་པ་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས་ཀྱིས་གསུང་གི་འདུག དེ་དོན་མ་སུ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཆོས་སྒྲོན་ལགས་ཀྱིས་ཀྱང་ད་ལྟ་མ་སུ་རི་སློབ་གྲྭའི་ནང་སློབ་མ་ཁྱོན་ ༧༥༩ ཡོད་པའི་ནང་ནས་སློབ་མ་གྲངས་ ༩༥ ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་ཞེས་གསུངས་བྱུང་།
བོད་སློབ་དེ་དག་གིས་ཆོས་དང་རིག་གཞུང་ཐུན་མོང་དུ་འདོད་པའི་བོད་མི་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སེར་གྱི་སློབ་ཕྲུག་ཙམ་མ་ཡིན་པར། ས་གནས་རྒྱ་གར་ཡུལ་མི་མང་དག་ཅིག་ལའང་ཤེས་ཡོན་གྱི་གོ་སྐབས་འདྲ་མཉམ་སྤྲོད་བཞིན་ཡོད་པ་ལྟར། མ་སུ་རི་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་བཟང་པོ་རིག་འཛིན་ལགས་ཀྱིས་སློབ་གྲྭའི་ནང་ཁྱོན་བསྡོམས་སློབ་མ་གྲངས་ ༤༧༠ ལྷག་ཡོད་པ་དང་། དེའི་ཁྲོད་ནས་སློབ་མ་གྲངས་ ༣༥༠ རྒྱ་གར་ཡུལ་མིའི་སློབ་མ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་། བོད་མིའི་སློབ་གྲྭ་ཁག་གིས་རྒྱ་གར་ཡུལ་མིའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་གནང་རྒྱུ་དེ་རྒྱ་གར་གཞུང་དམངས་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཕྱོགས་ཡོངས་ནས་རོགས་སྐྱོར་མཐུན་གྲོགས་གང་ཐུབ་གནང་བར་དྲིན་ལན་འཇལ་རྒྱུ་དང་། ལྷག་པར་དུ་རྒྱ་གར་ཡུལ་མིའི་སློབ་ཕྲུག་རྣམས་ལ་འགྲོ་བ་མིའི་ཕན་བདེའི་གཞི་རྩར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཆེད་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་སློབ་སྤྱི་རིག་འཛིན་ལགས་ནས་གསལ་བཤད་གནང་བྱུང། དེ་དོན་མུ་མཐུད་ཁོང་གིས་མ་སུ་རི་སཾ་བྷོ་ཊ་སློབ་གྲྭར་འཛིན་གྲྭ་གྲོལ་བའི་རྗེས་སུ་རྒྱ་གར་ཡུལ་མི་སློབ་ཕྲུག་རྣམས་ལ་གཙོ་བོ་དམིགས་པའི་ཐོག རིགས་ལམ་སློབ་ཁྲིད་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སློབ་གྲའི་འགོ་ཁྲིད་ཟབ་སྦྱོང་ནང་བོད་སློབ་སྡེ་ཁག་བཞིའི་སློབ་སྤྱི་དང་དགེ་ཆེ་གྲངས་བཞི་བཅུ་ལྷག་ལྷན་ཞུགས་ཀྱིས་ཉིན་གྲངས་གསུམ་རིང་སློབ་གྲྭ་འཛིན་སྐྱོང་བྱེད་ཕྱོགས་དང་། སློབ་ཕྲུག་ལྷན་འབྲེལ་ལམ་ལྟ་སྐྱོང་བྱེད་ཐབས། སློབ་གྲྭའི་ནང་དཀའ་ངལ་གདོང་ལེན་བྱེད་སྟངས་སོགས་ཀྱི་སྐོར་ཆེད་མཁས་པའི་ལམ་སྟོན་དང་། སློབ་གྲྭའི་འགོ་ཁྲིད་ཕན་ཚུན་ཉམས་མྱོང་བརྗེ་ལེན་གནང་འདུག །
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེན་མཁན། བསྟན་འཛིན་བསྟན་སྐྱོང་།