བོད་རིགས་སློབ་མར་ཨ་རིའི་ནང་སློབ་ཞུགས་གོ་སྐབས།
2012.10.18
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་རི་ཁུལ་དུ་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་དང་བསྟུན། ཕྱི་ཚེས་ ༡༤ ཉིན་་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། ཤེས་རིག་བཀའ་བློན་གཅིག་ལྕོག་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བཅས་ནས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་Harvard, Stanford, MIT, Caltech, Princeton, Yale བཅས་དང་། གཞན་ཡང་མཐོ་སློབ་དྲག་གྲས་ཁག་ ༢༠ བཅས་ཁྱོན་མཐོ་སློབ་གྲངས་ ༣༠ ལྷག་གི་ཤེས་ཡོན་དང་་སློབ་འཇུག་འགན་འཛིན་ལྷན་དང་མཇལ་འཕྲད་གནང་ཡོད་པ་རེད། མཇལ་འཕྲད་དེའི་ཐོག ༸གོང་ས་མཆོག་གིས་ཤེས་ཡོན་སྐོར་སྤྱི་དང་ལྷག་པར་སློབ་ཚན་འདྲ་མིན་ནང་། བོད་རིགས་ཆེད་ལས་པ་དང་། རིགས་གཅིག་རྐང་འཛིན་པ་གང་མང་ཐོན་ཐབས་གནང་རྒྱུའི་ཐུགས་ཀྱི་འཆར་སྣང་སྐོར་གསལ་འདོན་གནང་འདུག་ལ། ཨ་རིའི་མཐོ་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་དང་སློབ་འཇུག་འགན་འཛིན་རྣམ་པས་ བོད་རིགས་སློབ་མ་རྣམས་ཀྱི་ཤེས་ཡོན་གྱི་གནས་ཚད་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། རྩེ་ཕུད་སློབ་མ་ཁག་ཅིག་འདེམས་སྒྲུག་གིས་སློབ་འཇུག་གནང་རྒྱུའི་ལས་འཆར་སྙན་སྒྲོན་ཞུས་ཡོད་འདུག ༧གོང་ས་མཆོག་དང་མཇལ་འཕྲད་གྲུབ་རྗེས་མཐོ་རིམ་སློབ་གྲྭ་ཁག་གི་འབྲེལ་ཡོད་རྣམ་པས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་མཇལ་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུའི་ཁས་ལེན་ཡང་གནང་འདུག་པས་མ་ཟད་ ཁོང་རྣམ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ལྷན་ཆུ་ཚོད་ ༡ ལྷག་ཙམ་རིང་གྲོས་མོལ་གནང་འདུག།