ཐའེ་ལྦན་དུ་བོད་ཀྱི་རང་དབང་དཔལ་འབར་བསྐོར་སྐྱོད་སྐོར།
2008.07.02
༄༅༎ཁ་ས་ཐའེ་ལྦན་ནང་གི་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཟླ་བ་འདིའི་ཚེས་༦ཉིན་ ཐའེ་ལྦན་ནང་གི་རི་བོ་མཐོ་ཤོས་ གཡང་ཊི་རི་བོའི་སྟེང་བོད་ཀྱི་རང་དབང་དཔལ་འབར་བསྣམས་རྒྱུའི་གསལ་བསྒྲགས་གནང་བཞག།
ཐའེ་ལྦན་བོད་མིའི་བདེ་དོན་ཚོགས་པའི་ཚོགས་གཙོ་ རིན་འཛིན་ཚེ་རིང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཀྱི་ཐོག། བོད་མིའི་རང་དབང་དཔལ་འབསྐོར་སྐྱོད་དེ་ནི། རྒྱ་དམར་གྱིས་བོད་ནང་ད་ཕན་ལོ་ངོ་༥༠ལྷག་ཙམ་རིང་བཙན་འཛུལ་དབང་བསྒྱུར་བྱེད་བཞིན་ཡོད་པར་ བོད་རྒྱ་ཆེའི་མང་ཚོགས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོག་རེད་ཅེས་འགྲེལ་བརྗོད་གནང་བཞག།
བོད་མིའི་རང་དབང་དཔལ་འབར་གྱི་སྐོར་བསྐྱོད་དེ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་བསྐོར་ནས་ད་ཆ་ཐའེ་ལྦན་ནང་འབྱོར་ཡོད་པ་དང༌། ཐའེ་ལྦན་བོད་ཀྱི་གྲོགས་པོ་ཚོགས་པ་དང༌། ཐའེ་ལྦན་དང་བོད་དབར་རིག་གཞུང་བརྗེ་ལེན་ཐེབས་རྩ་ཁང༌། ཐའེ་ལྦན་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང༌། ཐའེ་ལྦན་དམངས་གཙོ་ཚོགས་པ་བཅས་ཟུང་འབྲེལ་གནང་བའི་ཐོག་ནས་ཐའེ་ལྦན་ནང་བོད་མིའི་རང་དབང་དཔལ་འབར་སྐོར་བསྐྱོད་ཀྱི་ལས་འཆར་དེ་གོ་སྒྲིག་གནང་གི་ཡོད་པ་རེད།
ཡང་ཐའེ་ལྦན་བོད་མིའི་བདེ་དོན་ཚོགས་པའི་ཚོགས་གཙོ་རིག་འཛིན་ཚེ་རིང་ལགས་ཀྱིས་ དཔལ་འབར་སྐོར་བསྐྱོད་དེ་བརྒྱུད་ད་ལྟའི་སྐབས་རྒྱ་ནག་གིས་བོད་ས་ཡོངས་རྫོགས་ནང་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ ཕྱི་རྒྱལ་གྱི་གསར་འགོད་ཚོ་བོད་ནང་རང་དབང་གི་སྒོ་ནས་བསྐྱོད་ཆོག་གི་མེད་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཏོན་གནང་རྒྱུ་ཡིན་སྐོར་གསུངས་བཞག།
ཐའེ་ལྦན་ནང་གི་བོད་མིའི་རང་དབང་དཔལ་འབར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཁུལ་དེའི་རི་བོ་མཐོ་ཤོས་གཡང་ཊི་རི་བོའི་རྩེ་མོར་ཕྱི་ཟླ་༧པའི་ཚེས་༦ཉིན་བསྣམས་རྒྱུ་ཡིན་པ་ལྟར། ཚེས་གྲངས་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་འཁེལ་གྱི་ཡོད་པ་རེད། བོད་མིའི་རང་དབང་དཔལ་འབར་དེ་བཞིན་འདི་ལོ་ཕྱི་ཟླ་༣པའི་ཚེས་༡༠ཉིན་གིརི་སི་ཡུལ་གྱི་གྲོང་ཁྱེར་ཨོ་ལིམ་པི་ཡ་ནས་འགོ་འཛུགས་ཀྱིས་འཛམ་གླིང་གི་ཡུལ་ཁག་འདྲ་མིན་གྱི་གྲོང་ཁྱེར་ཆེ་ཁག་༣༠ལྷག་ཙམ་ནང་སྐོར་བསྐྱོད་བྱས་ཏེ་ད་ཆ་ཐའེ་ལྦན་ནང་འབྱོད་ཡོད་པ་རེད།