ཁོར་ཡུག་ཚོགས་ཆེན་ཐེངས་༢༦Cop26ཡི་ཐོག་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་དགོས་འདུན་བཏོན་ཡོད་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༦Cop26དབྱིན་ཡུལ་གྱི་སི་ཀོ་ཊི་ལེན་ཌིའི་གྷི་ལཱ་སི་གོ་གྲོང་ཁྱེར་དུ་འཚོགས་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་།རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤེ་ཡའི་ས་གནས་འབྲེལ་མཐུད་པ་དང་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་པདྨ་བསྟན་འཛིན་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས།བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས།ས་གནས་སུ་ཆེད་བསྐྱོད་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༦པའི་ཐོག་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་གྲོས་བསྡུར་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། སྤྱི་ཟླ་༡༡པའི་ཚེས་༡༡ཉིན་མཇུག་སྒྲིལ་བཞིན་པའི་ཁོར་ཡུག་ཚོགས་ཆེན་དེར། བོད་ཀྱི་ཁོར་ཡུག་ལས་དོན་པ་ཚོས་ཞུ་སྐུལ་ལས་འགུལ་དང་བོད་ཀྱི་ཁོར་ཡུག་ཐོག་གོ་རྟོགས་ཡག་པོ་སྤེལ་ཐུབ་ཡོད་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན། ཛམ་ལྷ་བསྟན་པ་རྒྱལ་མཚན་ནས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་ཁོར་ཡུག་ཞུ་སྐུལ་གྱི་རུ་ཁག་དེས་ཨེ་ཤེ་ཡ་དང་ཡོ་རོབ། ཨ་མི་རི་ཀ་སོགས་ཀྱི་རྒྱལ་ཁབ་འདྲ་མིན་གྱི་སྐུ་ཚབ་ཚོར་བཅར་ཏེ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞུ་སྐུལ་དོན་ཚན་ལྔ་བཏོན་པ་ནི།
༡༽བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས་པ་དང་།
༢༽བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཉམས་ཞིབ་ཤུགས་ཆེ་རུ་གཏོང་དགོས་པ།
༣༽བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཞུ་དགོས་པ། ༤༽གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་ལ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་།
༥༽བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་གལ་ཆེ་བ་བཅས་འབོད་སྐུལ་གནང་ཡོད་ཅིང་། དོན་ཚན་དེ་དག་ལ་བརྟེན་ནས་རྒྱལ་ཁབ་མང་པོས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ནས།ད་རེས་ཁོར་ཡུག་ཚོགས་ཆེན་དེར། གྲོས་ཆོད་མང་པོ་བཞག་ཡོད་པ་ལས་བོད་ཀྱི་ཁོར་ཡུག་ལ་ཕུགས་སུ་ཕན་པའི་གནས་ཚུལ་ཅིག་ནི། རྒྱལ་ཁབ་བརྒྱ་དང་ཉི་ཤུ་ལྷག་གིས་བར་སྣང་ལ་དུ་བ་གཏོང་རྒྱུ་ཉུང་འཕྲི་བྱེད་རྒྱུ་ཡིན་པར་མོས་མཐུན་བྱུང་བ་དེས། བོད་ཀྱི་གངས་རི་དང་ཆུ་བོ་ཆེ་ཁག་ལ་ཕན་ཐོགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་དེར་རྡོ་སོལ་ཉུང་འཕྲི་དང་འཕྲུལ་ཆས་སྣ་ཚོགས་ལ་རིན་གོང་ཆུང་དུ་གཏོང་རྒྱུ་དང་ཆབས་ཅིག། ཆུ་དང་ཉི་འོད་ཀྱི་ནུས་པ་བེད་སྤྱོད་ཇེ་ཆེར་གཏོང་རྒྱུ་ཡང་འཁོད་ཡོད་པས། གྲོས་མཐུན་དེས་བོད་ཀྱི་ས་ཐོག་ཏུ་རྡོ་སོལ་བསྔོག་འདོན་རྒྱ་ཆེར་བྱེད་བཞིན་པ་མཚམས་འཇོག་ལ་ཕན་ཐོགས་ཡོད་པའང་འགྲེལ་བརྗོད་གནང་གི་འདུག་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེར་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཉིས་བརྒྱ་ལྷག་གི་མགོ་ཁྲིད་སུམ་ཁྲི་ཙམ་ལྷན་ཞུགས་གནང་ཡོད་པ་མ་ཟད། མཁའ་རླུང་འབག་བཙོག་Co2 emitters ཆེ་ཤོས་བཟོ་མཁན་ཨ་མི་རི་ཀ་དང་རྒྱ་ནག་གཉིས་མཉམ་རུབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་གྲོས་མཐུན་བྱུང་བ་དེ། བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།