སྡེ་དགེ་རུ་ཆུ་མཛོད་གསར་རྒྱག་མཚམས་འཇོག་དགོས་པའི་ལས་འགུལ་སྣེ་ཁྲིད་པ་སུ་ཡིན་རྩད་གཅོད་བྱེད་བཞིན་འདུག

ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་༡༤ ཉིན་བོད་དཀར་མཛེས་ས་ཁུལ་སྡེ་དགེའི་རྫོང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ངོ་རྒོལ་བྱས་པའི་རྐྱེན་གྱིས། འདི་ཚེས་ ༡༥ ཉིན་སྡེ་དགེ་རྫོང་དུ་དམ་དྲག་ཇེ་ཆེར་བཏང་འདུག་པ་མ་ཟད། རྫོང་དེའི་ས་གནས་རྒྱ་ནག་གཞུང་གི་ཚོགས་ཁང་དང་གཞུང་ལས་ཁང་སོགས་ཀྱི་གཡས་གཡོན་དུ་ཉེན་རྟོག་པས་སྐོར་སྲུང་བྱེད་མུས་ཡིན་པ་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་སྟེ། ད་ལྟའི་ཆར་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་མེད་ཀྱང་། ས་གནས་ཉེན་རྟོག་པ་རྣམས་ཀྱིས། མི་མང་རང་བཞིན་གྱི་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ལས་འགུལ་སྣེ་ཁྲིད་པ་སུ་དང་སུ་ཡིན་རྩད་གཅོད་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ནང་འབྲི་ཆུའི་ཐོག་ཆུ་མཛོད་བརྒྱབ་ནས་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་དེ་ནི་ལོ་མང་གོ་ནས་འཆར་གཞི་ཡོད་པ་ལྟར། ད་ཆ་ལས་གཞི་དེ་དངོས་སུ་མགོ་འཛུགས་བྱས་ནས། སྡེ་དགེ་རྫོང་དབོན་པོ་སྟོད་ཕྱོགས་སུ་ཤང་ཁག་གཉིས་དང་དགོན་ཁག་དྲུག་ཡོད་པ་དེ་དག་ས་གནས་གཞན་ལ་གནས་སྤོས་དགོས་པ་རྒྱ་ནག་ས་གནས་སྲིད་གཞུང་གིས་བཙན་བཀའ་བཏང་བའི་རྐྱེན་གྱིས། འདི་ཚེས་ ༡༤ཉིན་མི་དམངས་རྣམས་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་སྒོ་འགྲམ་དུ་སོང་ནས་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་ལས་འགུལ་དེ་སྤེལ་འདུག
གོང་ཞུས་བོད་ཕྱི་ནང་གཉིས་སུ་གནས་ཞུགས་མིང་འབོད་གནང་འདོད་མེད་པའི་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མུ་མཐུད་འགྲེལ་བརྗོད་གནང་དོན། སྡེ་དགེ་རྫོང་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེས་ས་གནས་བོད་མི་ཚོའི་ཉིན་རེའི་འཚོ་བ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་བློ་འཚབ་ཆེན་པོས་འགྲེལ་བརྗོད་གནང་ཞིང་། ད་ལྟའི་ཆར་ས་གནས་ཉེན་རྟོག་པས་ཁ་པར་དང་སྤྱི་ཚོགས་དྲ་ལམ་སོགས་ལ་ལྟ་བཤེར་ཤུགས་ཆེར་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། འབྲི་ཆུ་ནི་འཛམ་གླིང་སྟེང་གི་ཆུ་བོ་རིང་ཤོས་གསུམ་པ་དེ་ཡིན་པ་མ་ཟད། བོད་ནང་ལྟ་བུ་མཚོན་ན། འབྲི་ཆུ་བཞུར་ཡུལ་དུ་བོད་མིའི་གྲོང་སྡེ་དང་གྲོང་འཁྱེར་ཧ་ཅང་མང་པོ་འཚོ་གནས་བྱེད་མུས་ཡིན་ནའང་། རྒྱ་ནག་གཞུང་གིས་ད་བར་ཆུ་རག་མང་པོ་ཞིག་བརྒྱབ་ཟིན་ཡོད་པའི་ཐོག ད་དུང་མུ་མཐུད་ནས་འབྲི་ཆུ་ཐོག་ཆུ་རག་བརྒྱབ་འཆར་ཡོད་པ་དེས་རྒྱ་ནག་གཞུང་གིས་བོད་ཀྱི་བདེ་དོན་དང་ཁོར་ཡུག་ལ་དོ་ཕོག་གཏོང་བཞིན་ཡོད་པའི་དཔེ་མཚོན་ཡག་ཤོས་གྲས་ཤིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དེ་སྔོན་ཕྱི་ལོ་ ༢༠༡༧ ཟླ་བ་ ༧ པའི་ནང་། སྡེ་དགེ་རྫོང་དུ་དྲག་ཆར་བབས་པའི་རྐྱེན་གྱིས། འབྲི་ཆུ་ཚུད་པའི་སྡེ་དགེའི་གྲོང་ཁྱེར་གྱི་ཆུ་བོ་ཆེ་ཆུང་རྣམས་གློ་བུར་དུ་རྒྱ་ཆེར་རྒྱས་ནས་ཆུ་རག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཏེ། ས་གནས་ཡུལ་མིའི་སྡོད་ཁང་དང་། རྫོང་དེའི་སློབ་ཆུང་གཉིས་དང་ཁྲོམ་རྭ་སོགས་ཆུས་བསྣུབས་པ་དང་སྡིབ་སྐྱོན་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད་ལ། ཡང་ཕྱི་ལོ་ ༢༠༡༨ ལོར་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་ཤིག་ཏུ་རི་ཉུལ་བྱུང་སྟེ་ཉིན་གྲངས་ ༩ ལྷག་རིང་འབྲི་ཆུའི་བཞུར་རྒྱུན་འགག་སྟེ། ས་གནས་མི་རྒྱུ་གཉིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།