བོད་མིའི་སྐུ་ཚབ་ཀྱིས་ཁོར་ཡུག་གནས་སྟངས་གླེང་བ།

གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་སུ་ཚོགས་བཞུགས་གནང་བའི་རྒྱལ་ཁབ་ཚོས་བོད་ཀྱི་ཁོར་ཡུག་སྐོར་གླེང་སློང་ཡོང་བའི་འབོད་སྐུལ།

2009.12.15

༄༅༎ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་ཚོགས་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་སུ་ཚོགས་བཞུགས་གནང་བའི་བཙན་བྱོལ་བོད་མིའི་སྐུ་ཚབ་ཚོས་རྒྱལ་ཁབ་གཞན་གྱི་ཚོགས་ཞུགས་སྐུ་ཚབ་རྣམས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་ཆེ་བའི་ཁོར་ཡུག་གི་གནས་སྟངས་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་ལྷན་ཚོགས་དེར་ཕེབས་པའི་བཙན་བྱོལ་བོད་མིའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་རྒྱལ་ཁབ་ཧོ་ལེན་ཌི་དང་ཨོ་སི་ཀྲོ་ལི་ཡ་ ཁེ་ན་ཌའི་སྐུ་ཚབ་ལ་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དཀའ་ངལ་བདེ་སྡུག་རྣམས་ཞུས་པ་དང་ལྷན་ཚོགས་དེར་ཕེབས་པའི་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་ལས་ཁང་གི་འཁོར་ཡུག་སྡེ་ཚན་གྱི་ཞིབ་འཇུག་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས། ད་ལྟ་བར་ལྷན་ཚོགས་དེའི་ནང་དུ་ཕེབས་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་འགའ་ཤས་ཤིག་ལས་མཇལ་འཕྲད་བྱུང་མེད་པ་དང། ཡིན་ནའང་ཁོང་ཚོས་སྐུ་ཚབ་གང་མང་མཇལ་འཕྲད་ཡོང་རྒྱུར་འབྲེལ་གཏུགས་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་དང། ད་དུང་ཁོང་གིས་ལྷན་ཚོགས་དེར་བཅར་བའི་རྒྱ་ནག་གི་འཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་བློན་ཆེན་གཞོན་པ་ལི་ཀན་ཅི་ལ་བོད་ལུགས་ཀྱི་འཚམས་འདྲིའི་ལུགས་སྲོལ་ལྟར་ཁ་བཏགས་ཤིག་དང་བོད་ནང་གི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བ་དེས་འཁོར་ཡུག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་སྐོར་གྱི་སྙན་ཐོའི་ངོ་བཤུས་ཤིག་ཀྱང་ཕུལ་ཡོད་པ་རེད། སྙན་ཐོ་དེའི་ནང་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ས་མཐོའི་འཁོར་ཡུག་གི་གནས་སྟངས་ཇི་ལྟར་ཉམ་ཆགས་འགྲོ་གི་ཡོད་པའི་སྐོར་ལ་ཞིབ་འཇུག་བྱས་པ་ཞིག་དང། དམིགས་བསལ་རྒྱ་ནག་གཞུང་གིས་མུ་མཐུད་བོད་ཀྱི་ས་ཆ་རྣམས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བདེ་སྤྱོད་ལོག་པར་བཏང་བའི་བྱ་སྤྱོད་རྣམས་ཀྱིས་བོད་ཀྱི་འཁོར་ཡུག་ལ་གནོད་འཚེ་དང། བོད་མིའི་སྲོལ་རྒྱུན་འཚོ་གནས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། ལྷན་ཚོགས་དེའི་ནང་དུ་བཞུགས་སྒར་རྡ་རམ་ས་ལ་ནས། བཙན་བྱོལ་བོད་གཞུང་གི་འཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་དང། བོད་ཀྱི་བོད་མེད་ལྷན་ཚོགས་ཀྱི་ཞིབ་འཇུག་པ་བསྟན་འཛིན་ཟླ་སྒྲོན་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགན་འཛིན་སྐུ་ཞབས་ངག་དབང་འོད་འབར་ལགས་གཙོས་པའི་སྐུ་ཚབ་བདུན་དང། དབྱིན་ཡུལ་ནས་བོད་མི་སྐུ་ཚབ་གཉིས། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་ཞུགས་གནང་ཡོད་པ་རེད།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎