བོད་མི་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར།
2008.11.21
༄༅༎བཞུགས་སྒར་རྡ་རམ་ས་ལར་ཚོགས་བཞིན་པའི་བོད་མིའི་དམིགས་བསལ་ལྷན་ཚོགས་ཐོག་ལམ་དབུ་མའི་ཐོག་མུ་མཐུད་བསྐྱོད་རྒྱུ་དེར་མ་འོངས་པར་རེ་བ་ཆེ་བ་ཡོད་པར་ངོས་འཛིན་གནང་སྲིད་པའི་སྐོར་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་ཡོད་འདུག
གནས་ཚུལ་ནང་མུ་མཐུད་ནས་འཁོད་པར་ལམ་དབུ་མའི་ཐབས་ལམ་དེས་རྒྱ་ནག་གི་ལངས་ཕྱོགས་ཐོག་རང་བཙན་ལས་ཕྲན་བུ་ཞི་འཇམ་པ་ཡོད་པའི་ལམ་བུ་ཞིག་འཛིན་ཐུབ་རྒྱུ་ཡིན་པར་བརྟེན་ད་ལྟའི་ཆར་ང་ཚོས་རྒྱ་ནག་གཞུང་གི་ངོས་ནས་བོད་དོན་ཐོག་བརྡ་ལན་ཞིག་འཐོབ་རྒྱུར་ངང་སྒུག་བྱ་རྒྱུ་དེ་ཡིན་ཞིང་གལ་སྲིད་རྒྱ་ནག་གཞུང་ཕྱོགས་ཀྱི་བརྡ་ལན་ཞིག་བྱུང་ཚེ་ང་ཚོས་དེ་ལ་དཔག་པའི་ལན་འདེབས་བྱ་རྒྱུར་ཞིབ་གྲོས་གནང་དགོས་ཀྱི་རེད་ཅེས་༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་བཞག འདི་ཚེས་བཅུ་བདུན་ནས་བཟུང་བཞུགས་སྒར་རྡ་རམ་ས་ལར་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མིའི་སྐུ་ཚབ་མི་གྲངས་ལྔ་བརྒྱ་བརྒལ་བ་ལྷན་འཛོམས་ཀྱིས་འདས་པའི་ནང་རྒྱ་བོད་དབར་འབྲེལ་མོལ་ཐེངས་བརྒྱད་ཙམ་གནང་ཡོད་ན་ཡང་དོན་འབྲས་མ་སོན་པར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་བོད་མིའི་དམིགས་བསལ་ལྷན་ཚོགས་ཚོགས་གནང་ཏེ་མ་འོངས་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་བཞིན་ཡིན་པ་དང་འདས་པའི་ཉིན་གྲངས་བཞི་ཙམ་རིང་སྐུ་ཚབ་ཚོ་ཚོགས་ཆུང་བཅོ་ལྔར་ཁག་བགོས་ཀྱིས་གྲོས་བསྡུར་གནང་ནས་མཐའ་མའི་བསམ་ཚུལ་དེ་བཞིན་གཟའ་སྤེན་པའི་ཉིན་ཚོགས་ཆེན་ཐོག་འབུལ་འཆར་ཡོད་པ་དང་ལྷན་ཚོགས་ཐོག་ཚོགས་བཞུགས་གནང་མཁན་གྱི་གཞོན་སྐྱེས་མང་ཆེ་བས་དབུ་མའི་ལམ་ནས་རང་བཙན་གྱི་ལམ་དུ་བསྐྱོད་རྒྱུར་འདོད་མོས་ཆེ་བ་བྱེད་ཀྱི་ཡོད་ཅིང་ཡིན་ནའང་ལྷན་ཚོགས་ཐོག་བོད་ནང་ནས་གསང་བའི་ཐོག་ནས་མི་གྲངས་མི་ཉུང་བ་ཞིག་གི་བསམ་ཚུལ་བསྡུ་ལེན་བྱས་པ་ཕྱིར་བསྒྲགས་གནང་ཡོད་པའི་ནང་མང་ཆེ་བས་༸གོང་ས་མཆོག་གི་ལམ་སྟོན་འམ་ཡང་ན་ལམ་དབུ་མའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་པ་རེད།