ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་མི་མང་གིས་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་བྱས་ཡོད་འདུག

དེ་རིང་ཕྱི་ཟླ་༡༠ཚེས་༢༦ཉིན་གྱི་ཕྱི་དྲོ་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་ཞེས་པར། རྒྱ་ནག་གཞུང་གིས་བོད་མི་ཚོ་འདས་པའི་ཟླ་བ་གཉིས་དང་ཕྱེད་ཀ་རིང་ཏོག་དབྱིབས་རིམས་ནད་བཀག་བསྡོམས་འོག་བཅུག་སྟེ། ཕྱི་ལ་མ་བཏང་བས་ཡུལ་མི་མང་པོ་ཁང་པའི་ཕྱི་ལ་ཐོན་སྟེ་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་བྱས་ཡོད་པ་དང་། ད་ལྟའི་ཆར་མི་མང་ཤུགས་ཆེར་འཛོམས་བཞིན་ཡོད་ཀྱང་གྱོན་ཆས་དཀར་པོ་གྱོན་པའི་ཉེན་རྟོག་པས་མི་མང་དང་གདོང་གཏད་དེ་བཀག་འགོག་བྱས་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ།མི་མང་རྣམས་ཡར་ལངས་དགོས་སྐོར་གཙོ་བོ་གཞུང་ཕྱོགས་ནས་ཡུན་རིང་ནང་དུ་བཅུག་སྟེ། ཟ་མ་དང་དགོས་མཁོའི་ཅ་དངོས་རིགས་ཉོ་རུ་མ་བཏང་བས་ཨུ་ཐུགས་ཐབས་ཟད་ནས་ཡིན་པ་དང་། ད་ལྟའི་ཆར་ཉེན་རྟོག་པ་དང་མི་མང་བར་གནས་ཚུལ་དམིགས་བསལ་བ་གང་ཡང་བྱུང་མེད་ན་ཡང་། བོད་མི་ཁག་ཅིག་ནས་རིམས་ནད་བཀག་བསྡོམས་མ་ལྷོད་པ་ཡིན་ན་མེ་སྲེག་གཏོང་གི་ཡིན་ཞེས་བརྗོད་བཞིན་ཡོད་པ་དང་། མི་མང་འདུ་འཛོམས་ཤུགས་ཆེར་བྱུང་བཞིན་པས། ཉེན་རྟོག་པ་དང་མི་མང་བར་འཁྲུག་འཛིང་དང་མི་མང་ཁྲོད་མེ་མདའ་རྒྱག་རྒྱུའི་ཉེན་ཁ་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
ཕྱི་ཚེས་༢༣་ཉིན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྲོལ་རྗེས་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚོགས་པར་ཞེས་པའི་གནས་ཚུལ་སྤེལ་ཏེ། བོད་རང་སྐྱོང་ལྗོངས་ཡོངས་སུ་རིམས་ནད་འགོས་ཁྱབ་མེད་པར་ཉིན་ཤས་སོང་ཡོད་པས། ལྷ་ས་ཡོངས་སུ་བཀག་བསྡོམས་མཚམས་འཇོག་བྱ་རྒྱུའི་གནས་ཚུལ་སྤེལ་ཡོད་ན་ཡང་། གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་བཀག་བསྡོམས་མཚམས་འཇོག་རྒྱུ་ཕར་ཟད་ད་དུང་མུ་མཐུད་ནད་རྟགས་ཡོད་མེད་བོད་མི་ཚང་མ་ཁྲིད་ནས་འགྲོ་བཞིན་ཡོད་པ་བརྗོད་བྱུང་ལ། དེའི་རྗེས་གནས་ཚུལ་ག་རེ་བྱུང་བཞིན་ཡོད་པའི་གནས་ཚུལ་མཁོ་སྤྲོད་གང་ཡང་མེད་པ་ཆགས་སོང་སྟབས། ཞིབ་ཕྲའི་གནས་ཚུལ་ལག་སོན་མ་བྱུང་ཀྱང་མུ་མཐུད་རྩད་འཚོལ་བྱེད་བཞིན་པ་ཡིན།
རྒྱ་ནག་གཞུང་འབྲེལ་ངོས་ནས་ལྷ་སའི་རིམས་ནད་གཙང་སེལ་ལ་གྲུབ་འབྲས་ཐོན་ཡོད་པ་མ་ཟད། ད་ལྟའི་ཆར་ནད་རྟགས་ཅན་ཐོན་བཞིན་མེད་པས་མི་མང་གི་རྒྱུན་ལྡན་འཚོ་བ་སླར་གསོ་བྱ་རྒྱུ་ཡིན་པ་སོགས་བསྒྲགས་བཞིན་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།