རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་མཐོ་སྒང་གི་ཁོར་ཡུག་སྐོར་གླེང་སློང་དགོས་པའི་ལས་འགུལ་སྤེལ་ཡོད་པ།

2021.10.22
རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐོག་བོད་མཐོ་སྒང་གི་ཁོར་ཡུག་སྐོར་གླེང་སློང་དགོས་པའི་ལས་འགུལ་སྤེལ་ཡོད་པ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་ནས་རྒྱལ་སྤྱིའི་COP26ཁོར་ཡུག་ཚོགས་ཆེན་ཐོག་བོད་མཐོ་སྒང་གི་ཁོར་ཡུག་སྐོར་གླེང་སློང་དགོས་པའི་ལས་འགུལ་སྤེལ་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

འདི་ལོའི་ཕྱི་ཟླ༡༠ཚེས་༣༡ནས་ཟླ་༡༡ཚེས་༡༢བར་ཉིན་གྲངས་༡༣རིང་དབྱིན་ཡུལ་གྱི་གྲོང་ཁྱེར་གྷ་ལ་སི་ཀོ་རུ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་COP26ཐེངས་༢༦པ་འཚོགས་འཆར་ཡོད་པ་བཞིན། ཕྱི་ཟླ་༡༠ཚེས་༢༢ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་ནས་ཚོགས་འདུ་དེ་དང་འབྲེལ། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་ནས་གླེང་སློང་དགོས་པའི་ལས་འགུལ་ཞིག་སྤེལ་སོང་བ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ཀྱིས། copཁོར་ཡུག་ཚོགས་འདུའི་སྟེང་འཛམ་གླིང་ཐོག་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་ངོས་འཛིན་བྱེད་དགོས་པ་མ་ཟད། འཛམ་གླིང་གི་ཁོར་ཡུག་སྐོར་གླེང་སློང་གི་སྙིང་པོར་འཇོག་དགོས་པ་སོགས་དགོས་འདུན་ཆེན་པོ་གསུམ་འདོན་བཞིན་ཡོད་པའི་སྐོར་བརྗོད་བྱུང་།
ཐེངས་འདིའི་COP26ཚོགས་འདུའི་སྟེང་རྒྱལ་སྤྱིའི་རྒྱལ་ཁབ་༡༩༠མཉམ་ཞུགས་གནང་གི་ཡོད་པ་དང་། ཚོགས་འདུ་དང་འབྲེལ་ནས་གཙོ་བོ་རྒྱལ་ཁབ་སོ་སོའི་ཁ་རླུང་འབག་བཙོག་ཉུང་དུ་ཇི་ལྟར་གཏོང་རྒྱུའི་འཆར་གཞི་དང་། ཕྱི་ལོ་༢༠༡༥ལོའི་པེ་རི་སིའི་གྲོས་ཆོད་དུ་སའི་གོ་ལའི་ཚ་དྲོད་༡.༥Cལས་མ་བརྒལ་བའི་ཐག་གཅོད་དེ་གང་འདྲ་བྱས་ཏེ་ལག་བསྟར་བྱ་རྒྱུའི་སྐོར་སོགས་ནས་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། བློ་བཟང་གཡང་མཚོ་ལགས་ནས་ཐེངས་འདིའི་ཁོར་ཡུག་ཚོགས་འདུའི་སྟེང་བོད་མི་ཚོར་དངོས་སུ་ཞུགས་རྒྱུའི་ཐོབ་ཐང་མེད་ན་ཡང་། ཚོགས་འདུ་དང་འབྲེལ་ས་གནས་དེ་རང་དུ་བོད་ཀྱི་ཁོར་ཡུག་འགྱུར་ལྡོག་སྐོར་ལ་ཞུ་གཏུགས་དང་གཏམ་བཤད་སོགས་ཀྱི་ལས་རིམ་གོ་སྒྲིག་བྱ་བཞིན་ཡོད་ལ། ཐེངས་འདིར་རྒྱལ་སྤྱིའི་སྟེང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྟབས། བོད་མཐོ་སྒང་གི་ཁོར་ཡུག་དང་འབྲེལ་ནས་རྒྱ་ནག་ལ་དེ་སྔ་ལས་ལྷག་པའི་གནོན་ཤུགས་སྤྲོད་ཐུབ་པའི་རེ་བ་ཡོད་པའི་སྐོར་བརྗོད་བྱུང་།
རྒྱལ་སྤྱིའི་COP26ཁོར་ཡུག་ཚོགས་འདུ་དེ་བཞིན་ད་བར་ཐེངས་༢༦་བར་ཚོགས་ཡོད་པ་དང་། ཐེངས་འདིར་བོད་མཐོ་སྒང་གི་སྐོར་ལ་ལས་འགུལ་སྤེལ་མཁན་ཁྲོད་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཁོར་ཡུག་སྡེ་ཚན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཡོད་པ་རེད།།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎