རྒྱ་ནག་ཏུ་རྒྱ་མི་ཚོང་པས་བོད་མིར་མགོ་བསྐོར།
2009.11.27
༄༅༎དེང་སྐབས་རྒྱ་མི་ཚོང་པ་ཡིན་ཟེར་མཁན་ཁག་ཅིག་གིས་བོད་མི་ཚོར་དཔལ་འབྱོར་གྱི་མ་རྩ་འཛུགས་རྒྱུའི་མགོ་སྐོར་བཏང་ནས་བོད་མི་མི་ཉུང་བ་ཞིག་མགོ་སྐོར་ཐེབས་ནས་མ་དངུལ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རིམ་པ་ཐོན་བཞིན་པ་ལྟར་ རྒྱ་རིགས་ལེ་ཅིང་ཡིན་ཟེར་པ་ཞིག་གིས་བོད་ཀྱི་ཆབ་མདོ་གཏིང་ཆེན་རྫོང་ཁོངས་ཀྱི་བོད་མི་ཉིས་སྟོང་ལྷག་ཙམ་ཞིག་ལ་ཕྱུག་པོར་འགྲོ་རྒྱུའི་མགོ་སྐོར་བླུ་ཁྲིད་བྱས་ནས་བོད་མི་དེ་དག་ལ་མ་རྩ་འཛུགས་པའི་མ་དངུལ་མགོ་སྐོར་བཏང་ཏེ་བོད་མི་ཚོར་དཀའ་ངལ་ཆེན་པོ་ཕྲད་བཞིན་ཡོད་པར་བརྟེན་བོད་མི་དེ་དག་གི་ཁོངས་ནས་བོད་མི་བརྒྱ་ལྷག་ཙམ་གྱིས་ཕྱི་ཟླ་བཅུ་པའི་ཚེས་༢༡ཉིན་རྒྱ་ནག་གྲོང་ཁྱེར་ཐན་ཅིང་ནང་ལ་ཡོད་པའི་ཐེན་ཧྲི་མཉམ་ལས་ཁང་ཟེར་བ་བོད་མི་ཚོར་དཔལ་འབྱོར་མ་རྩ་འཛུགས་རྒྱུའི་མཉམ་ལས་བྱེད་མཁན་གྱི་ལས་ཁང་དེའི་སྒོ་འགྲམ་དུ་ཉལ་ནས་ཁོང་ཚོའི་མ་དངུལ་ཕྱིར་སློག་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་ ཡིན་ན་ཡང་བོད་མི་དེ་དག་ལ་དཔལ་འབྱོར་གྱི་མགོ་སྐོར་གཏོང་མཁན་རྒྱ་རིགས་ལེ་ཅིན་ཡོང་ཟེར་བ་དེ་ལ་གཞུང་གིས་ཉེས་ཆད་གང་ཡང་བཏང་མེད་པའི་ཁར་གྱོང་གུན་ཕོག་མཁན་བོད་མི་དེ་དག་འཛིན་བཟུང་བྱས་ནས་ཕ་ཡུལ་དུ་རྩིས་སྤྲོད་བྱས་ཏེ་ཟླ་བ་ཕྱེད་ཀ་ལྷག་ཙམ་བཀག་ཉར་བྱས་ཡོད་པ་དང་དེ་རྗེས་ཕ་མ་སྤུན་མཆེད་སོགས་ཀྱི་ཁས་ལེན་མང་པོ་ཞིག་བྱས་པའི་རྗེས་ཕྱི་ཟླ་༡༡པའི་ཚེས་༢༥ཉིན་བཀག་ཉར་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་དོ་བདག་སོ་སོ་གནས་སྡོད་བྱེད་སའི་ས་གནས་ནས་གཞན་ལ་འགྲོ་མི་ཆོག་པའི་ཉེན་རྡ་བཏང་ནས་ཉེན་རྟོག་པའི་ལྟ་སྲུང་འོག་ཉིན་གྲངས་ཁ་ཤས་བཞག་ཡོད་ཀྱང་ ད་རེས་ཕྱི་ཚེས་༢༧ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་རྒྱུ་ཚན་གང་ཡང་འགྲེལ་བརྗོད་མ་བྱས་པར་ཁོང་ཚོ་བསྐྱར་དུ་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་ཡོད་པ་དང་ད་ལྟའི་ཆར་བོད་མི་དེ་དག་གི་གནས་སྟངས་ཤེས་རྟོག་གང་ཡང་མེད་པ་རེད་།