རྒྱ་ནག་ཉེན་རྟོག་པས་བོད་ཀྱི་ས་མཚམས་ཁུལ་གྱི་མཐོ་ལྡིང་གྲོང་ཚོ་དང་རྩ་མདའ་རྫོང་གི་བོད་མི་ཚོར་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་འདུག

2021.09.06
རྒྱ་ནག་ཉེན་རྟོག་པས་བོད་ཀྱི་ས་མཚམས་ཁུལ་གྱི་མཐོ་ལྡིང་གྲོང་ཚོ་དང་རྩ་མདའ་རྫོང་གི་བོད་མི་ཚོར་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱེད་བཞིན་ཡོད་འདུག བོད་རང་སྐྱོང་ལྗོངས་མངའ་རིས་ས་གནས་ཁག་གི་བོད་མི་ཚོར་གང་བྱུང་ཞིབ་བཤེར་དང་འདྲི་རྩད། ཕྱི་ཕྱོགས་སུ་ས་མཚམས་གནད་དོན་སྐོར་དང་གང་བྱུང་འབྲེལ་བ་བྱས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ།
བོད་འབྱོར་།

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་སོ་སོའི་ནང་བོད་མི་ཚོའི་ཁ་པར་ལ་བསྔོགས་བཤེར་དང་ཁ་པར་ནང་སྐད་ཆ་ག་རེ་བཤད་བཞིན་ཡོད་སོགས་ཀྱི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ཕྱི་ཟླ་༩པའི་ཚེས་མགོ་ནས་བཟུང་རྒྱ་ནག་ཉེན་རྟོག་པས་འཕགས་བོད་ས་མཚམས་སུ་ཁེལ་བའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་གནས་ཁག་གི་བོད་མི་ཚོར་གང་བྱུང་ཞིབ་བཤེར་དང་འདྲི་རྩད། ཁ་པར་ལ་བསྔོགས་བཤེར་སོགས་བྱས་ཏེ། ས་གནས་དེ་དག་ཏུ་བོད་མི་སུ་ཞིག་གིས་ཕྱི་ཕྱོགས་སུ་ས་མཚམས་གནད་དོན་སྐོར་དང་གང་བྱུང་འབྲེལ་བ་བྱས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ། འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་ཡིག་ཐོག་གནས་ཚུལ་ནང་མུ་མཐུད་བཀོད་དོན་ལ། ས་ཁུལ་དེ་དག་ནང་དམ་དྲག་བྱེད་དོན་གཙོ་བོ་འདི་ལོའི་ལོ་མགོ་ནས་བཟུང་ས་མཚམས་སྲུང་སྐྱོབ་ཟེར་བ་ཞིག་ལ་ཁ་གཡར་ནས། མངའ་རིས་སྒར་རྫོང་སེང་གེ་ཁ་འབབ་གྲོང་བརྡལ་དུ་དམག་སྒར་ཅིག་གསར་འཛུགས་རྐྱེན་གྱིས་ཡིན་པ་དང་། ད་ལྟའི་ཆར་ས་གནས་ཉེན་རྟོག་པ་ཚོས་ཁྱིམ་ཚང་དང་ཚོང་ཁང་། ལམ་འགྲམ་སོགས་ནས་བོད་མི་ཚོའི་ཁ་པར་ཨང་གྲངས་བསྡུ་ལེན་དང་། དེ་སྔ་མི་སྣ་སུ་དང་སུ་ལ་འབྲེལ་བ་བྱས་ཡོད་པ་དང་། ཁ་པར་ནང་དུ་པར་རིས་སོགས་ག་རེ་བསྡུ་ཉར་བྱས་ཡོད་སོགས་ནས་ཞིབ་བཤེར་དང་། བོད་མི་ནང་ཁུལ་ལ་སོ་ཉུལ་བ་ཆེད་གཏོང་དང་ས་མཚམས་ཁག་གི་ས་གནས་དེ་དག་ནང་མི་སྣ་གསར་བ་སུ་ཞིག་འབྱོར་ཡོད་པ་སོགས་ས་གནས་བོད་མི་ཚོས་ཉེན་རྟོག་པར་རྩིས་སྤྲོད་དགོས་པའི་བཀོད་ཁྱབ་སོགས་གཏོང་བཞིན་ཡོད་སྐོར་བརྗོད་བྱུང་།
སྔར་ལོ་ནས་བཟུང་རྒྱ་གར་ནག་གཉིས་བར་འཕགས་བོད་ས་མཚམས་ནས་རྩོད་རྙོག་དང་དམག་གི་གདོང་ཐུག་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁག་ཏུ་དམག་མི་རྒྱ་བསྐྱེད་དང་དམག་སྒར་གསར་འཛུགས། དེ་བཞིན་འདི་ལོའི་ཕྱི་ཟླ་༦ནང་ས་མཚམས་ཁུལ་གྱི་ཁྱིམ་ཚང་རེ་ནས་བོད་མི་གཅིག་ངེས་པར་དམག་སྦྱོང་ལ་ཞུགས་དགོས་པ་སོགས་ཀྱི་ལས་གཞི་རིམ་པར་སྤེལ་བཞིན་པ་ལྟར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་ཁུལ་དུ་དམ་དྲག་བྱེད་བཞིན་པའི་གནས་ཚུལ་དེ། ཞི་ཅིན་ཕིན་གྱི་རྒྱལ་ཁབ་སྲུང་བར་ས་མཚམས་སྲུང་དགོས་པའི་བཀོད་བྱུས་ཀྱི་རྐྱེན་དང་། གཞན་ས་མཚམས་ཁུལ་ཀྱི་བོད་མི་ཚོར་དེ་སྔ་ནས་དམ་དྲག་ཤུགས་ཆེར་ཡོད་པ་ཞིག་རེད་ལ། གནས་སྟངས་དེས་ས་མཚམས་ཁུལ་གྱི་བོད་མི་ཚོའི་ཚོང་ལས་འབྲེལ་ལམ་དང་ཉིན་རེའི་རྒྱུན་ལྡན་འཚོ་གནས་སོགས་ལ་དོ་ཕོག་ཤུགས་ཆེ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་འབྲེལ་ནས་བོད་ནང་གི་ས་མཚམས་ཡུལ་མི་ཚོའི་འབྲེལ་ལམ་དང་འགྲོ་འདུག་སྤྱོད་གསུམ་ཐད་རྒྱ་ནག་གཞུང་གིས་དམ་དྲག་དོགས་ཟོན་ཤུགས་ཆེར་བྱེད་བཞིན་པ་མ་ཟད། འདི་ལོའི་ཕྱི་ཟླ་༧ནང་རྒྱ་ནག་གཞུང་གིས་ས་མཚམས་ཁུལ་གྱི་བོད་མི་ཚོ་དམག་སྦྱོང་ལ་ཞུགས་སྐོར་བརྗོད་ནས། བོད་ཀྱི་ཁྱིམ་ཚང་རེ་ནས་ངེས་པར་མི་གཅིག་དམག་སྦྱོང་ལ་ཞུགས་དགོས་པའི་ལས་གཞི་སྤེལ་ཡོད་པ་མ་ཟད། ས་མཚམས་ཁུལ་དུ་དྲག་ཆས་དམག་སྦྱོང་འདྲ་མིན་དང་དམག་སྒར་གསར་འཛུགས་སོགས། ས་གནས་བོད་མི་ཚོའི་འདོད་མོས་ལ་མ་ལྟོས་པར་བོད་མི་ཚོའི་རྒྱུན་ལྡན་འཚོ་གནས་ཐད་དཀའ་ངལ་ཤུགས་ཆེར་སྤྲོད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎