མགོ་ལོག་གཅིག་སྒྲིལ་གསར་ཡུལ་ཚོར་རྔམ་སྟོན་ཁྲོམ་སྐོར།
2012.01.18
༄༅༎མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་མགོ་ལོག་གཅིག་སྒྲིལ་སྦྲ་གསར་ཡུལ་ཚོ་ནས་ཁ་ས་བོད་མི་ཁག་གཅིག་གིས་འགྲོ་བ་མིིའི་ཐོབ་ཐང་དགོས་པ་སོགས་ཀྱི་ཡིག་འབྲུ་འཁོད་པའི་འཕྲེད་དར་འཕྱར་བ་དང་མ་ཎི་འདོན་ཏེ། ཁྲོམ་སྐོར་བྱས་པའི་གནས་ཚུལ་སྐོར་བོད་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག དེ་མིན་བོད་ནང་གི་གནས་ཚུལ་ཡོང་ཁུངས་གཞན་ཞིག་ནས་གསུང་བ་ལྟར་ན། མགོ་ལོག་གཅིག་སྒྲིལ་རྫོང་སྦྲ་གསར་ཡུལ་ཚོ་རུ་བོད་མི་བཅུ་གྲངས་ཤིག་གིས་ཡི་གེ་བཀྲམས་པ་དང་། མ་ཎི་འདོན་ནས་ཁྲོམ་སྐོར་དུས་ཡུན་ཚོུད་གཉིས་ཙམ་བྱས་ཡོད་པ་དང་། རྗེས་སུ་རྫོང་སྤྱི་བདེ་ཉེན་རྟོག་པའི་རླངས་འཁོར་གསུམ་བཞི་རྩམ་ཞིག་ཡོང་ནས་བོད་མི་དེ་ཚོར་ངོ་རྒོལ་བྱེད་དགོས་སྐོར་སྐད་ཆ་དྲིས་ཡོད་ན་ཡང་། ད་ལྟའི་བར་བོད་མི་འཛིན་བཟུང་བྱས་མེད་པའི་སྐོར་གསུང་འདུག བོད་མི་ཚོར་སྐད་ཆ་འདྲི་སྐབས་ཁོང་ཚོས་དེང་སྐབས་བོད་ཀྱི་ས་ཆ་གང་སར་བོད་མིས་རང་ལུས་མེར་བསྲེག་གཏང་བའི་དམིགས་ཡུལ་དང་། དགོས་འདུན་གཅིག་པ་ཡིན་ཞིང་། ཁོང་ཚོར་དེ་འཚུངས་ཀྱི་སྡུག་བསྔལ་གཅིག་པ་ཡོད།ལྷག་པར་ཁ་སྔོན་སྐུ་ལུས་མེར་བསྲེག་བཏང་བའི་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་སྐོར་ལ་རྒྱ་ནག་གི་གསར་འགྱུར་དྲ་བའི་ནང་། ཚུལ་ལྡན་མིན་པའི་བྱ་སྤྱོད་དང་སྒེང་གྱི་བརྩེ་རྡུང་གི་དོན་སྐུ་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བརྗོད་པ་དེ་བདེན་པ་མིན་པ་དང་།གནས་ཚུལ་དེ་རིགས་སྤེལ་རྒྱུར་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་གནས་ཚུལ་ངོ་སྤྲོད་གནང་མཁན་བོད་མི་དེས་གསུང་འདུག དེ་བཞིན་བོད་མི་དེ་ཚོས་སྐད་འབོད་དང་ཡི་གེ་བཀྲམས་པའི་ནང་ད་ལོ་ལོ་གསར་གཏང་རྒྱུ་མེད་པ་དང་། བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་དགོས་པ། བོད་ཀྱི་རང་དབང་བརྩོད་ལེན་བྱེད་དགོས་པ་སོགས་ཀྱི་སྐོར་སྐད་འབོད་བྱས་འདུག་ཅེས་བརྗོད་འདུག་ སྦྲ་གསར་ཡུལ་ཚོ་ནི་གཅིག་སྒྲིལ་རྫོང་དང་སྤྱི་ལེ་བརྒྱ་དང་བདུན་ཅུ་ཙམ་གྱི་སར་གནས་ཡོད་པ་རེད༎