བོད་རང་བཙན་གྱི་དཔལ་འབར་སྐོར་བསྐྱོད་མཛད་སྒོ་ཚོགས་ཡོད་པ།
2008.05.22
༄༅༎རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ ཕཱི་ལ་ཌེལ་ཕཱི་ཡ་ ནང་གི་ས་གནས་བོད་མི་ཚོས་ཉེ་ཆར་བོད་དང་རྒྱ་ནག་གི་ས་མཚམས་ས་ཁུལ་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་རྒྱ་མི་རིགས་ཚོར་གདུང་སེམས་མཉམ་སྐྱེད་ཞུས་པ་དང་ཆབས་ཅིག་བོད་རང་བཙན་གྱི་དཔལ་འབར་སྐོར་བསྐྱོད་མཛད་སྒོ་ཚོགས་ཡོད་པ་རེད།
བོད་རང་བཙན་གྱི་དཔལ་འབར་སྐོར་བསྐྱོད་ཀྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བའི་ས་གནས་བོད་མི་ཚོས་བོད་རང་བཙན་ཞེས་སྐར་མ་འགའ་ཤས་རིང་སྐད་འབོད་བྱས་ཏེ་བོད་རང་བཙན་གྱི་དཔལ་འབར་ཚོུད་གསུམ་རིང་སྐོར་བསྐྱོད་བྱས་པའི་རྗེས་རིམ་བཞིན་ས་གནས་དེའི་ནང་ཡོད་པའི་ཨ་མི་རི་ཀའི་རང་བཙན་གྱི་ཚོགས་ཁང་ཞེས་པར་འབྱོར་བའི་སྐབས་ཞི་བའི་ཐོག་ནས་གོམ་བགྲོས་གནང་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཞིག་གིས་གསུང་ན། བོད་རང་བཙན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་པའི་ལས་འགུལ་དེ་ནི་རྒྱ་ནག་ལ་ངོ་རྒོལ་བྱས་པ་ཞིག་མ་ཡིན་པར་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་ རང་དབང་བཅས་ཀྱི་མཚོན་དོན་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ལས་འགུལ་གོ་སྒྲིག་གནང་མཁན་ཡིན་པ་དང་ཨ་མི་རི་ཀ་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་ཡིན་པ་ ཇེཕཱ་གའར་ནེ་ཊེ་ ཡིས་གསུང་པར། བོད་རང་བཙན་གྱི་དཔལ་འབར་འཛམ་གླིང་ནང་སྐོར་བསྐྱོད་བྱེད་པའི་ལས་འགུལ་དེ་ནི་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ཆེད་དུ་ཁོ་ན་མ་ཡིན་པར་བོད་རང་བཙན་གྱི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་གྱི་བོད་མི་རྣམས་དང་ཁོང་ཚོའི་ནང་མི་སྤུན་མཆེད། ཁོང་ཚོའི་ཁྱིམ་ཚང། འཚོ་གནས་ཀྱི་ཆེད་དུ་དམིགས་པའི་ལས་འགུལ་ཞིག་ཡིན་པ་གསུང་ཡོད་པ་རེད། དེ་ཉིན་སྔ་དྲོ་གྲོང་ཁྱེར་གྱི་ཚོགས་ཁང་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་མི་གྲངས་༥༠ ཙམ་འདུ་འཛོམས་ཀྱིས་ཐོག་མར་དགེ་འདུན་པས་དབུ་ཁྲིད་དེ་རྒྱ་ནག་གཞུང་གི་དྲག་གནོན་འོག་དམར་བསད་བཏང་བའི་བོད་མི་རྣམས་དང་ཉེ་ཆར་རྒྱ་ནག་གི་ས་མཚམས་ས་ཁུལ་ས་ཡོམ་གྱི་རང་འབྱུང་གནོད་འཚེའི་ནང་མི་དམངས་བཞི་སྟོང་ལྷག་ཚེ་སྲོག་ཤོར་བ་ཚོར་སྨོན་ལམ་གསོལ་འདེབས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།