རྒྱ་གཞུང་ནས་དགེ་འདུན་པ་གཉིས་འཛིན་བཟུང་།
2012.10.18
༄༅། །ཁ་སང་ཕྱི་ཚེས་ ༡༧ དགོང་དྲོར་རྒྱལ་གཅེས་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་བའི་རྗེས། རྒྱ་དམར་གྱི་ཉེན་རྟོག་པས་གཙོད་དགོན་པའི་དོ་དམ་ལྷན་ཁང་གི་དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་གཉིས་སུ་ཡིན་མིན་གནས་ཚུལ་ཁ་གསལ་ཤེས་རྟོག་བྱུང་མེད་སྐོར་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། དགེ་འདུན་པ་དེ་གཉིས་འཛིན་བཟུང་བྱེད་མཁན་ཀན་སུའི་ཞིང་ཆེན་གྱི་ཉེན་རྟོག་མི་སྣ་ཡིན་པ་ལས། གཙོད་གྲོང་ཁྱེར་གྱི་ཉེན་རྟོག་པ་མིན་སྐོར་དང་། ད་ལྟའི་འཆར་གཙོད་དགོན་པའི་མཐའ་ཆ་ཚང་དམག་མི་མང་དག་གིས་སྐོར་སྲུང་བྱེད་བཞིན་ཡོད་པས་མ་ཟད། གཙོད་གྲོང་ཁྱེར་ནང་ཡོད་པའི་གཙོད་དགོན་པའི་མགྲོན་ཁང་ནས་རྒྱ་མིའི་ཉེན་རྟོག་པས་གསོ་བལྟ་བྱེད་བཞིན་ཡོད་སྐོར་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་གསུང་ཡོད་པ་རེད། ཡང་གནས་ཚུལ་ངོ་སྤྲོད་གནང་མཁན་དེས། ཁ་ཉིན་རྒྱལ་གཅེས་པ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས། བོད་མི་འདྲ་དཔར་རྒྱག་མཁན་དང་བརྙན་དཔར་རྒྱག་མཁན་ཐོག རྒྱ་གཞུང་གིས་འདྲ་དཔར་བརྒྱབས་ནས་གསོ་བལྟའི་བྱ་སྤྱོད་སྤེལ་བར་ས་ཁུལ་ནང་དངངས་འཚབ་ཆེ་བའི་གནས་སྟངས་ཤིག་ཆགས་ཡོད་སྐོར་གསུང་འདུག གཙོད་དགོན་པ་དེ་གཙོད་གྲོང་ཁྱེར་ནང་ཡོད་ཅིང་དགོན་པ་དེ། རྡོ་དཀར་དགོན་པ་ནས་རྒྱང་ཚད་སྤྱི་ལི་བཅུ་ཙམ་ལས་མེད་པ་རེད། ཉེ་ལམ་རྡོ་དཀར་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་གཏོང་མཁན་སངས་རྒྱས་རྒྱ་མཚོ་ལགས་དང་། ཕྱི་ཚེས་ ༡༣ ཉིན་རང་ལུས་མེར་སྲེག་གཏོང་མཁན་རྟ་མགྲིན་རྡོ་རྗེ་ལགས་རྣམ་གཉིས་གཙོད་གྲོང་ཁྱེར་ཁུངས་གཏོགས་སྣ་ཕུག་ཞང་ནས་ཡིན་པའི་གནས་ཚུལ་ཐོན་འདུག