བོད་མི་ན་གཞོན་ཞིག་རྒྱ་ནག་གཞུང་འབྲེལ་དྲིལ་བསྒྲགས་སློབ་གསོའི་ཚོགས་འདུར་མ་སོང་བས་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་འདུག

2021.08.18
བོད་མི་ན་གཞོན་ཞིག་རྒྱ་ནག་གཞུང་འབྲེལ་དྲིལ་བསྒྲགས་སློབ་གསོའི་ཚོགས་འདུར་མ་སོང་བས་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་འདུག རྒྱ་ནག་ཉེན་རྟོག་པས་ཤེས་རབ་རྡོ་རྗེས་སྲིད་གཞུང་གི་བཀོད་ཁྱབ་ལ་ངོ་རྒོལ་བྱས་སྐོར་བརྗོད་དེ་འཛིན་བཟུང་བཙན་འཁྲིད་གྱིས་བཀག་ཉར་འོག་བཞག་སྟེ་ཉིན་ཤས་འགྲོ་བཞིན་ཡོད་འདུག
བོད་འབྱོར་།

ཕྱི་ཟླ་༨ ཚེས་༡༦ ཉིན་རྒྱ་ནག་ཉེན་རྟོག་པས་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོ་ནས་ཡིན་པའི་བོད་མི་ན་གཞོན་སློབ་མ་ཤེས་རབ་རྡོ་རྗེ་ཞེས་པ་ཞིག་རྒྱ་ནག་གཞུང་གིས་ཡུལ་དེའི་བོད་རིགས་ན་གཞོན་ཚོར་ཏང་ལ་དགའ་ཞེན་དང་བདེ་འཇགས་ལས་འགན་སློབ་གསོ་ཟེར་བའི་ཚོགས་འདུ་དེར་མ་སོང་སྟབས།རྒྱ་ནག་ཉེན་རྟོག་པས་ཤེས་རབ་རྡོ་རྗེས་སྲིད་གཞུང་གི་བཀོད་ཁྱབ་ལ་ངོ་རྒོལ་བྱས་སྐོར་བརྗོད་དེ་འཛིན་བཟུང་བཙན་འཁྲིད་གྱིས་བཀག་ཉར་འོག་བཞག་སྟེ་ཉིན་ཤས་འགྲོ་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། གནས་ཚུལ་དེ་བྱུང་ནས་ཉིན་ཤས་འགྲོ་བཞིན་ཡོད་ཀྱང་ཤེས་རབ་རྡོ་རྗེ་ལགས་ད་དུང་ཀློད་གྲོལ་བཏང་མེད་པ་དང་། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་ས་གནས་ཉེན་རྟོག་པ་རེ་གཉིས་ཤིག་ཆེད་དུ་ཡུལ་ཚོའི་ནང་ཡོང་སྟེ། གཞོན་སྐྱེས་ཚོར་ཏང་ལ་དགའ་ཞེན་དང་རྒྱ་ནག་གི་སྲིད་བྱུས་ཁག་ལ་ངོ་རྒོལ་མི་བྱེད་པའི་བདེ་འཇགས་ལས་འགན་སློབ་གསོ་ཟེར་བའི་ཚོགས་འདུ་ཚོགས་པར། བོད་མི་ཤེས་རབ་རྡོ་རྗེ་ལགས་ཚོགས་འདུ་དེར་མ་སོང་བས་ཡིན་པ་དང་། རྗེས་སུ་ཁོང་རང་ཁྱིམ་གྱི་ཉེ་འཁྲིས་ཤིག་ནས་འཛིན་བཟུང་དང་ལག་མགོར་ལྕགས་བརྒྱབ་ནས་ཁྲིད་ཡོད་སྐོར་བརྗོད་བྱུང་།

tibet2.jpeg
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རྔ་བ་ཕྱོགས་སུ་ཐབས་བྱུས་སྣ་ཚོགས་ངང་བོད་རིགས་སློབ་མ་ཚོར་སློབ་ཚན་ཚང་མ་རྒྱ་ཡིག་གི་ལམ་ནས་ཁྲིད་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། རྔ་བ་ཕྱོགས་ཀྱི་སློབ་ཕྲུག་མང་པོ་ཞིག་གིས་དེ་སྔ་ནས་སྲིད་གཞུང་ལ་རྒྱ་ཡིག་གཙོ་ཁྲིད་སློབ་གསོ་དེ་ཕྱིར་འཐེན་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། ཤེས་རབ་རྡོ་རྗེ་ལགས་སྙན་ཞུ་དེ་ཕུལ་མཁན་གྲས་ཀྱི་སྣེ་ཁྲིད་པའི་ཁྲོད་དུ་ཡོད་པ་མ་ཟད། ཁོང་རྒྱུན་ཏུ་རྒྱ་ནག་གི་དྲིལ་བསྒྲགས་སློབ་གསོའི་རིགས་ལ་མི་དགའ་བ་བྱེད་མཁན་ཞིག་ཡིན་འདུག  ཤེས་རབ་རྡོ་རྗེ་ལགས་ནི་འདི་ལོ་ལོ་ན་༡༩་དང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་ནས་སློབ་མཐར་ཕྱིན་ཡོད་པ་དང་། ཐེངས་འདིར་ཁོང་དབྱར་ཁའི་གུང་གསེང་དང་བསྟུན་རང་ཁྱིམ་དུ་ལོག་ཡོད་འདུག་ལ། ཁོང་ནི་སྤྲོ་ཚིགས་ཡུལ་ཚོའི་ཕ་ཚེ་དབང་ཚང་གི་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎