བོད་པའི་རྩ་རླུང་སྒོམ་སྦྱོང་གིས་ནུ་མའི་འབྲས་སྐྲན་བཅོས་པར་ཕན་ཐོགས་འདུག
2017.09.21
བོད་པའི་རྩ་རླུང་སྒོམ་སྦྱོང་བྱས་པས་བུད་མེད་ཀྱི་ནུ་མའི་འབྲས་སྐྲན་བཅོས་པར་ཕན་ཐོགས་ཡོད་པ་ཞིབ་འཇུག་གྲུབ་འབྲས་ནས་ཤེས་རྟོགས་བྱུང་འདུག
ཨ་མི་རི་ཀའི་(Texas)་གཙུག་ལག་སློབ་གྲྭ་ཆེན་མོའི་(MD Anderson Cancer)་འབྲས་སྐྲན་ལྟེ་གནས་ཁང་གིས་ཞིབ་འཇུག་གནང་བའི་གྲུབ་འབྲས་གསར་པ་ཞིག་ནང་། བོད་པའི་རྩ་རླུང་སྒོམ་སྦྱོང་གིས་ནུ་མའི་འབྲས་སྐྲན་གྱི་སྨན་བཅོས་(Chemotherapy)་ཡི་ཟུར་གནོད་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་ཤེས་རྟོགས་བྱུང་འདུག
དེ་ཡང་ནུ་མའི་འབྲས་སྐྲན་གྱི་སྨན་བཅོས་(Chemotherapy) ་བྱེད་མཁན་བུད་མེད་ནད་པ་ཁག་ཅིག་གིས་བདུན་ཕྲག་གཅིག་ནང་བོད་པའི་རྩ་རླུང་སྒོམ་སྦྱོང་ཐེངས་བཞི་བྱེད་མཁན་ཚོ་མཚན་མོ་གཉིད་ཡག་པ་ཁུག་ཐུབ་ཀྱི་ཡོད་པ་ར་འཕྲོད་བྱུང་འདུག བོད་པའི་རྩ་རླུང་སྒོམ་སྦྱོང་གིས་དྲན་པ་ཡག་དུ་གཏོང་གི་ཡོད་པ་མ་ཟད། རིག་པའང་གསལ་དུ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་འདུག
འབྲས་སྐྲན་གྱིས་མནར་བའི་ནད་པར་(Chemotherapy)་སྨན་བཅོས་བྱེད་སྐབས་གཉིད་མ་ཁུག་པའི་དཀའ་ངལ་དེ་གཙོ་བོ་ཡིན་པ་དང་། ཉིན་མང་བསྟུད་མར་གཉིད་མ་ཁུག་པ་ཡིན་ན་ལུས་པོ་ཐང་ཆད་ནས་ནད་གཅོང་ཆགས་ཀི་ཡོད་པ་རེད།
གོང་ཞུས་ཞིབ་འཇུག་དེའི་ཐོག་ནས་ནུ་མའི་འབྲས་སྐྲན་གྱིས་མནར་བའི་ནད་པ་ཚོར་སྨན་པས་སྨན་བཅོས་དང་ཆབས་ཅིག་བོད་པའི་རྩ་རླུང་སྒོམ་སྦྱོང་གི་སློབ་སྟོན་གནང་དགོས་པ་ཤེས་རྟོགས་གསར་པ་ཞིག་བྱུང་ཡོད་འདུག བུད་མེད་ཀྱི་ནུ་མའི་འབྲས་སྐྲན་ན་མཁན་ནད་པ་༢༢༧་ལ་ཞིབ་འཇུག་བྱས་ཡོད་ཅིང་། ནད་པ་དེ་རྣམས་ཁག་གསུམ་ལ་བགོས་ནས། ཁག་ཅིག་ལ་བོད་པའི་རྩ་རླུང་སྒོམ་སྦྱོང་བྱེད་དུ་བཅུག་པ་དང་། ཁག་གཞན་དེར་སྤྱིར་བཏང་ལུས་རྩལ་དང་། ཁག་གསུམ་པ་དེར་ལུས་སྦྱོང་སོགས་གང་ཡང་བྱེད་མ་བཅུག་པར་དུས་ཡུན་རིང་པོ་ཞིབ་འཇུག་གནང་བའི་མཐར། བོད་པའི་རྩ་རླུངས་སྒོམ་སྦྱོང་བྱེད་མཁན་གྱི་ནད་པ་དེ་ཚོ་གཉིད་ཁུག་པ་དང་། ལུས་ལ་ཉལ་གསོ་ཐེབས་པ་བྱུང་ཡོད་པ་ཞིབ་འཇུག་པས་ཤེས་རྟོགས་བྱུང་འདུག
ཞིབ་འཇུག་དེ་གནང་མཁན་(Dr. Lorenzon Cohen)་རེད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།