བོད་ཁམས་འཇོ་མདའ་རྫོང་གི་ཡུལ་མི་མགོན་པོ་དར་རྒྱས་སྐོར།
2009.08.28
༄༅༎རྒྱ་ནག་གཞུང་གིས་ཉེ་དུས་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་བདུན་ཉིན་འཛིན་བཟུང་བྱས་པའི་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་པད་མ་ཤང་སྟོད་སྨད་ཀྱི་ཡུལ་མི་མགོན་པོ་དར་རྒྱས་ལགས་ཀྱི་བཟའ་ཟླས་ཁོང་གཉིས་ཀྱི་ཕྲུ་གུ་ལྔ་ཁྲིད་ནས་ཕྱི་ཚེས་ཉི་ཤུ་ཉིན་འཇོ་མདའ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་བསྐྱོད་ནས་ཁོང་གི་བཟའ་ཟླ་གློད་བཀྲོལ་ཆེད་དུ་ངུ་འབོད་བྱས་ཡོད་པ་རེད།
མགོན་པོ་དར་རྒྱས་ལགས་རྒྱུན་གཏན་ནས་གཟུགས་གཞིའི་གནས་བབ་ཞན་ཙམ་ཡོད་པ་མ་ཟད་ཁྱིམ་ཚང་གི་འཚོ་བའི་གཞི་རྟེན་ཡང་ཡིན་ཞིང་ཁོང་གི་ཕྲུ་གུའི་ནང་ནས་ཆེ་ཤོས་དེ་རང་ལོ་བཅུ་གཅིག་ལས་ཟིན་གྱི་མེད་པས་བཟའ་ཟླ་དང་བུ་ཕྲུག་ལ་འཚོ་བའི་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་བརྟེན་ཁོང་གི་བཟའ་ཟླས་ཕྲུ་གུ་ལྔ་འཁྲིད་ནས་འཇོ་མདའ་རྫོང་ཉེན་རྟོག་ལས་ཁང་གི་སྒོ་འགྲམ་དུ་ཁོང་གི་བཟའ་ཟླ་གློད་བཀྲོལ་ཆེད་ངུ་འབོད་བྱས་ནས་ཁོང་གི་བཟའ་ཟླ་ངེས་མེད་བཙོན་འཇུག་བྱས་ཏེ་ཟླ་བ་གཉིས་ཕྱིན་པ་དང་ད་ལྟ་གློད་བཀྲོལ་མ་བཏང་ཚེ་ཁོང་མ་བུ་ཕྲུག་གི་འཚོ་བའི་གནས་སྟངས་ཧ་ཅང་དཀའ་ངལ་ངང་ལྷུང་ནས་འཚོ་བ་སྐྱེལ་ཐབས་བྲལ་སྟབས་ས་ཆ་དེ་རང་དུ་རང་ཤི་རྒྱག་རྒྱུ་ཡིན་པ་བརྗོད་ནས་སྐད་ཤུགས་ཆེན་པོ་ངུ་འབོད་བྱས་ཡོད་པ་དང་ས་གནས་ཉེན་རྟོག་པས་མགོན་པོ་དར་རྒྱས་ལགས་ཀྱི་བཟའ་ཟླར་སྐད་མ་རྒྱག་གང་མགྱོགས་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་བརྗོད་པ་ཙམ་ལས་ད་ལྟ་ཡང་མགོན་པོ་དེར་རྒྱས་ལགས་ཀྱི་གནད་དོན་ལ་ཐག་གཅོད་གང་ཡང་བྱས་མེད་པ་རེད། ད་ལོ་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་བདུན་ཉིན་ཁམས་སྡེ་དགེ་འཇོ་མདའ་རྫོང་ཁོངས་པད་མ་ཤང་སྟོད་སྨད་ཀྱི་ཡུལ་མིས་རྒྱ་ནག་གཞུང་ནས་ས་གས་བོད་རིས་དཔོན་རིགས་གཉིས་ནས་ལས་དོན་མ་སྒྲུབ་བར་བསྙད་ཏེ་འཛིན་བཟུང་བྱེད་སྐབས་ས་གནས་ཡུལ་མི་ཚོས་ངོ་རྒོལ་བྱས་པར་བརྟེན་ཡུལ་མི་མང་པོ་ས་གནས་དེར་ཡོད་པའི་སྐྱབས་ཆེ་དགོན་པའི་ནང་བཀག་ཉར་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་བ་དང་དེ་རྗེས་ཡུལ་མི་ལྔ་འཇོ་མདའ་རྫོང་དུ་བཙན་ཁྲིད་བྱས་སྟེ་བཙོན་འཇུག་བྱེད་བཞིན་པའི་ཁྲོད་ནས་མགོན་པོ་དར་རྒྱས་ལགས་དང་ནོར་ལྷ་ལགས་གཉིས་ནི་བྱེད་གཏེའི་གྲས་སུ་རྩིས་བཞིན་ཡོད་པ་རེད།