འཛམ་གླིང་གི་མང་གཙོའི་ཡུལ་གྲུ་ཁག་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་ ༢༡༠༠ ལྷག་གི་མདུན་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་འདུག

ཁ་སྣོན། ཿ ༢༠༢༤།༣།༡༡ 6.58 AM EST
འདི་ལོ་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་འདིར་འཛམ་གླིང་མང་གཙོའི་ཡུལ་གྲུ་མང་པོའི་ནང་གི་གྲོང་ཁྱེར་དང་གྲོང་སྡེ་ཁག་མི་འདྲ་བ་ ༢༡༠༠ ལྷག་གི་མདུན་དུ་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་དང་བྱེད་མུས་ཡིན་འདུག
གསུམ་བཅུའི་དུས་དྲན་ནི་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མི་འབུམ་ཕྲག་ཅིག་ཙམ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བར་འཛམ་གླིང་ས་ཕྱོགས་མང་པོའི་ནང་བོད་མི་ཚོས་དྲན་གསོ་བྱེད་པའི་དུས་ཚིགས་ཤིག་ཡིན་པ་རེད།
དཔེར་ན། འདི་ལོ་ཕྱི་ཟླ་༣ཚེས་༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་གང་ས་དང་། ལྷག་པར་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སྦེལ་ཇིཡམ་གྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ཕ་རན་སི་གྱི་གྲོང་ཁྱེར་རམ་གྲོང་སྡེ་ ༦༧༦ དང་། སྦེལ་ཇིཡམ་ཁྱབ་ཁོངས་གྲོང་ཁྱེར་དང་གྲོང་སྡེ་ ༥༥ ལཀ་སམ་བྷརྒ་གི་གྲོང་ཁྱེར་དང་གྲོང་སྡེ་ ༤༠ བཅས་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་གསུངས་བྱུང་ལ། དེ་བཞིན་འཇར་མ་ནི་ནང་གི་གྲོང་ཁྱེར་དང་གྲོང་སྡེ་ལྷན་ཚོགས་ཉུང་མཐར་ ༤༥༨ ལྷག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་(Tibet Initiative) འཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་བསྟན་འཛིན་ལིན་ཌ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བྱུང་། གཞན་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་སྡེ་ཁྱོན་ ༨༦༣ ལྷག་དང་དེ་བཞིན་སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་སྡེ་ ༥ བཅས་ཀྱི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྒྲིག་བཟོ། ནོར་སྒྲོན། བསྟན་འཛིན་པདྨ། / (Graphic: Nordon; Tenzin Pema)
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོཊ་ཀྱི་ཚོཊ་གཙོས་རྗེས་དྲན་གནང་པ།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཁང་བརྩེགས་སྟེང་ཕྱི་ཟླ་ ༣ ཚེས་ ༩ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Markéta Pekarová Adamová མཆོག་གི་ངོ་དེབ་ཐོག་ལ་པར་རི་དང་དགོངས་ཚུལ་འགྲེམས་སྤེལ་གནང་འདུག་ཅིང་། ཁོང་གིས་ངོ་དེབ་ཀྱི་པར་རི་བཀྲམ་པ་དེའི་ངོ་སྤྲོད་དུ། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ “འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་གིས་རྒྱ་ནག་གི་བཙན་གནོན་ལ་སྒེར་ལངས་བྱས་སྐབས། མི་གསོད་ཁྲག་སྦྱོར་ཆེན་པོ་བྱས་ཡོད་པ་འདི་དྲན་སྐུལ་བྱེད་པའི་ཆེད་དུ་དམིགས་པ་ཡིན་”ཞེས་གསུངས་ཤིང་། “རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་སྒོ་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་ཀྱི་རིག་གཞུང་གཏོར་བཤིག་བཏང་བར་བོད་མི་དག་གིས་འཚོ་གནས་དང་མི་རིགས་ཀྱི་རིག་གཞུང་བདག་གཅེས་བྱ་ཆེད་ཉིན་ལྟར་འཐབ་རྩོད་བྱེད་བཞིན་ཡོད། ཁོང་ཚོར་ངས་རྒྱབ་སྐྱོར་ཞུ་གི་ཡོད་”ཅེས་བཀོད་འདུག
ཁེ་ན་ཌའི་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོཊ་འཐུས་མི་དཀར་པོ་ཆེ་བུ་ཁྲིད་ལཊ་ཀྱི་གསུང་བཤད།
ཁེ་ན་ཌ་ཨོན་ཊེ་རི་ཡོ་ཁྱབ་ཁོངས་ Parkdale HighPark ཀྱི་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས་གྲོས་ཚོགས་ནང་གསུམ་བཅུའི་དུས་དྲན་གྱི་དུས་སྐབས་དང་བསྟུན་ནས་གཏམ་བཤད་གནང་པའི་བརྙན་ཞིག་ཁོང་གི་ Instagram སྤྱི་ཚོགས་དྲ་ལམ་ཐོག་སྤེལ་འདུག་པ་དེའི་ནང་དོན་ལྟར་ན། ཁོང་གིས། འདི་ལོའི་གསུམ་བཅུའི་དུས་དྲན་ནི་རྒྱ་ནག་གིས་ཕྱི་ལོ་ ༡༩༥༩ ལོར་ཁྲིམས་འགལ་གྱི་ཐོག་ནས་བོད་བཙན་བཟུང་བྱས་པར་གདོང་ལེན་གྱིས་བོད་མིས་སྒེར་ལངས་བྱས་ཏེ་ལོ་ངོ་ ༦༥ འཁོར་བའི་དུས་དྲན་འཁེལ་བ་གསུངས་འདུག
བུ་ཁྲིད་ལགས་ཀྱིས་མུ་མཐུད། བོད་འདི་ད་ལྟ་རྒྱ་ནག་གི་དྲག་དམག་གི་ལྟ་སྲུང་ནན་པོའི་འོག་གནས་ཡོད་པ་དང་། དེ་ཡང་ཨ་རིའི་རང་དབང་ཁང་པས་བོད་ནི་འཛམ་གླིང་ནང་རང་དབང་མེད་པ་ཆེས་སྡུག་ཤོས་ཀྱི་ས་ཁུལ་དུ་བསྒྲགས་པའི་སྙན་ཐོ་བཏོན་པ་ལུང་འདྲེན་གནང་འདུག་ལ། བོད་ནང་རྒྱ་ནག་གིས་དམ་དྲག་དོ་ནན་བྱས་ཏེ་བོད་ཕྲུག་བྱིས་པ་མང་པོ་རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭའི་ནང་གཏོང་བཅུག་པ་དང་། ཉེ་ཆར་འབྲི་ཆུའི་ཆུ་བོའི་རྒྱུན་དུ་འཁེལ་བའི་སྡེ་དགེ་རྫོང་གི་མི་མང་གིས་རྒྱ་ནག་གི་ཆུ་ཤུགས་གློག་འདོན་གྱི་ཆུ་རགས་ལས་གཞིར་ངོ་རྒོལ་བྱས་མཁན་མི་མང་ཆིག་སྟོང་ལྷག་འཛིན་བཟུང་བྱས་པར་ “མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱི་ཡོད་” ཅེས་གསུངས་འདུག
ཨ་རིའི་ནིའུ་ཇར་སིའི་ཁུལ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་པ།
ཨ་རིའི་མངའ་སྡེ་ནིའུ་ཇར་སིའི་མངའ་ཁོངས་ ཤར་ རུཐར་ཕོརཌ་ (East Rutherford) གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་ཟླ་ ༣ ཚེས་ ༩ ཉིན་གྲོང་སྡེ་སྤྱི་ཁྱབ་པ་ འཇེཕརེ་ ལཧུལིཡར་ (Jeffrey Lahullier) ལགས་ཀྱིས་དབུ་ཞུགས་ཐོག་བོད་ཀྱི་རྒྱལ་དར་གཟའ་འཁོར་གཅིག་གི་རིང་གཤམ་རྒྱུའི་ཆེད་སྒྲེང་འཛུགས་གནང་ཡོད་པ་དང་། སྐབས་དེར་ནིའུ་ཡོརྐ་དང་ནིའུ་ཇར་སི་ས་གནས་ཁག་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་གནང་འདུག
ཤར་ རུཐར་ཕོརཌ་གྱི་གྲོང་སྡེ་ལྷན་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་གཏན་འབེབས་གནང་ཡོད་པ་དེའི་འབྲུ་དོན་ཁག་གྲོང་སྡེ་སྤྱི་ཁྱབ་པས་མཛད་སྒོའི་ཐོག་སྒྲོག་བྱང་གནང་སྟེ་བསྒྲགས་གཏམ་གྱི་ཡིག་ཆ་དེ་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་རྩིས་སྤྲོད་
གནང་ཡོད་པ་རེད། བསྒྲགས་གཏམ་གྱི་ཡིག་ཆ་དེའི་ནང་། “ཨ་རིས་བོད་མི་ཚོར་ཡུན་རིང་རྒྱབ་སྐྱོར་ཞུས་པ་དང་། གྲོང་སྡེ་འདིའི་ངོས་ནས་ཀྱང་བོད་མིའི་བདེན་དོན་དང་། འཚེ་མེད་ཞི་བའི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཞུས་ཏེ་རྒྱ་ནག་གིས་བོད་མི་མང་གི་ས་གཞི་བདག་བཟུང་བྱས་པ་དང་། བོད་མི་རིཊ་ཀྱི་ངོ་བོ་སྟེ་ཆོས་དང་རིག་གཞུང་ཉམས་ཉེས་སུ་བཏང་དང་གཏོང་བཞིན་ཡོད་པ་དེར་འགོག་གནོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རྣམས་འཛམ་གླིང་གི་མི་མང་ལ་དྲན་སྐུལ་གཏོང་ཕྱིར་ ༢༠༢༤ ཟླ་ ༠༣ ཚེས་ ༠༩ ཉིན་ས་གནས་ཀྱི་མང་ཚོགས་འདུ་འཛོམས་བྱེད་པ་དང་འབྲེལ་ East Rutherford གྲོང་སྡེ་རུ་གཟའ་འཁོར་གཅིག་གི་རིང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་”ཅེས་བཀོད་འདུག
ཁེ་ལི་ཧྥོར་ནི་ཡའི་རིཆ་མོནཌི་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་སུ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ།
ཨ་རིའི་ཁེ་ལི་ཧྥོར་ནི་ཡ་མངའ་སྡེའི་རིཆ་མོནཌི་གྲོང་སྡེ་ལས་ཁུངས་ཀྱི་མདུན་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༩ ཉིན་གྲོང་སྡེའི་སྤྱི་ཁྱབ་པ་ ཨེཌཝོརཌོ་ མར་ཊི་ནེཛ་ (Eduardo Martinez) ལཊ་ཀྱིས་དབུ་ཞུགས་ཐོག་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྦྱིན་པ་ལགས་ཀྱིས་གཙོས་བོད་མི་བརྒྱ་ཙམ་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་ཅིང་། གྲོང་ཁྱེར་སྤྱི་ཁྱབ་པས། ད་ལྟ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་བོད་རྒྱའི་གནད་དོན་སེལ་བའི་ཁྲིམས་འཆར་བཏོན་ཡོད་པ་དེའི་གལ་གནད་ཀྱི་སྐོར་ནན་བཤད་གནང་པ་དང་། ལྷག་པར་བོད་ནང་དུ་བོད་མི་ཚོར་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་སྟེ་སྨྲ་བརྗོད་དང་། འདུ་འཛོམས། ཆབ་སྲིད། ཆོས་དད་བཅས་ཀྱི་རང་དབང་མེད་པའི་གནས་སྟངས་གསལ་བཤད་གནང་པ་དང་ཆབས་ཅིག ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་རིཆ་མོཎཌི་གྲོང་ཁྱེར་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧གང་ཉིད་ཀྱི་དགོངས་གཞི་ཁག་ལ་ཆེ་བསྟོད་ཞུ་གི་ཡོད་པ་གསུངས་པ་མ་ཟད། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་པ་གསུངས་འདུག
ཨ་རིའི་ནུབ་ཕྱོགས་ཁ་ལི་ཕོར་ན་ཡའི་(Santa Barbara)་གྲོང་སྡེ་ལྷན་ཚོགས་ཀྱིས་ཕྱི་ཟླ་༣ཚེས་༧ཉིན་གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞུས་ཡོད་པ་དང་། བོད་དོན་ཐོག་རྩ་ཚིག་ཤིག་ཀྱང་གཏན་འབེབས་གནང་འདུག གྲོང་སྡེ་ལས་ཁུངས་འདིའི་མདུན་སྒྲེང་འཛུགས་ཞུས་པའི་བོད་ཀྱི་རྒྱལ་དར་ཟླ་༣ཚེས་༧ནས་ཚེས་བཅུ་བར་འཇོག་རྒྱུ་ཡིན་འདུག
འདི་ཚེས་༡༠་ཉིན་བོད་ཕྱི་ལ་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་གི་ཡུལ་ལུང་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་གནང་གི་ཡོད་པ་རེད།།
ཁ་སྣོན་ཞུས་པ།ཿ ཅེག་སྤྱི་མཐུན་རྒྱལ་ཁབ་དང་སུད་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ། ཁེ་ན་ཌའི་ཨོན་ཊེ་རིའོ་མངའ་སྡེའི་གྲོས་ཚོཊ་འཐུས་མི་བུ་ཁྲིད་ལགས་ཀྱི་གཏམ་བཤད། ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་རིཆ་མོནཌི་གི་གནས་ཚུལ། ནིའུ་ཇར་སི་མངའ་སྡེའི་ཤར་རུཐར་ཕོརྜ་ཀྱི་གནས་ཚུལ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ། རྟ་མགྲིན་དབང་ཕྱུག