བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས་དང་ཚོང་ལས་དཀའ་ངལ་ཐོག་གོ་བསྡུར།
བཙན་བྱོལ་བོད་མིའི་ཚོང་པའི་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས་དང་འབྲེལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་ཚོང་ལས་དཀའ་ངལ་ཐོག་གོ་བསྡུར་གནང་གི་ཡོད་འདུག
རྒྱ་གར་ནང་ས་གནས་གང་སར་དགུན་གོས་བལ་གོས་ཚོང་ལས་གཉེར་མཁན། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་དེ་བཞིན། སྤྱི་ཟླ་༨་པའི་ཚེས་༢༣ ནས་ ༢༤་བར་རྒྱ་གར་པཎ་ཇབ་མངའ་སྡེའི་ལུའུ་ངྷི་ཡ་ན་གྲོང་ཁྱེར་ནང་ཚོགས་བཞིན་པ་དང་། ཚོགས་ཆེན་ཐོག་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་རྒྱུན་ལས་སྐབས་བཞི་བ་དང་ལྔ་པ་འཕོ་ལེན་གྱི་མུར། རྒྱུན་ལས་སྐབས་བཞི་པའི་ལས་བསྡོམས་སྙན་སྒྲོན་གནང་གི་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་ཆོས་རྒྱལ་མཚན་ལགས་ནས་འགྲེལ་བརྗོད་གནང་ན། ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་དང་འབྲེལ་བ་དང་སྤྱི་ཡོངས་ཀྱི་ཚོང་པའི་དཀའ་ངལ་སྐོར་བཅས། ཚོགས་ཆེན་ཐོག་གོ་བསྡུར་དང་དྲི་བ་དྲིས་ལན་བཅས་གནང་གི་ཡོད་འདུག་ལ། བཙན་བྱོལ་བོད་མི་མང་ཆེ་ཤོས་གནས་ཡུལ་རྒྱ་གར་ནང་ད་ལོར་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། ནད་རླབས་གསུམ་པ་ཡོང་ཉེན་ལ་དོགས་ཟོན་ཀྱང་སྤྱི་སྒེར་ཚང་མས་གང་ས་ཅི་ཐད་ནས་གནང་གི་ཡོད་པར་བརྟེན། ས་གནས་ཕར་ཚུར་འགྲུལ་བཞུད་དང་ས་གནས་ཁག་ཅིག་ལ་ཆོག་མཆན་རག་མིན་བཅས་ཡོང་གི་ཡོད་ནའང་། ཚོགས་གཙོ་ཆོས་རྒྱལ་མཚན་ལགས་ནས་ད་ལྟའི་ཆར་བོད་མི་ཚོང་པ་བརྒྱ་ཆ་ལྔ་བཅུ་ཙམ་གྱིས་ཚོང་བླངས་བ་དང་། དེ་ཚོ་ལས་མང་པོ་ཞིག་ལ་ས་གནས་ཁག་ཏུ་ཚོང་འགྲེམ་ཆོག་པའི་བཀའ་ཁྲོལ་ཐོབ་ཚར་ཡོད་མོད། ཁ་ཤས་ཤིག་ལ་ཡུ་ཕེ་མངའ་སྡེ་དང་བྷེ་ཧར་མངའ་སྡེའི་ནང་དབུས་ནས་ཆོག་མཆན་རག་ཡོད་ཀྱང་། ས་གནས་ཁག་ཏུ་ཉེན་རྟོག་པའི་ཆོག་མཆན་མ་ཐོབ་པར་ལྷག་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་ཆེན་དེར། ཚོང་ལས་གཉེར་ཡུལ་གྱི་ས་གནས་ཁག་མི་འདྲ་བ་༡༨༠་ནས་བོད་མི་ཚོང་པ་ཚོགས་པའི་འཐུས་མི་ཚོ་ཚོགས་བཅར་གནང་ཡོད་པ་དང་། ཉི་མ་དང་པོར་ལས་བསྡོམས་དང་འབྲེལ་ནས་དགོངས་འཆར་ཕུལ་རེས་དང་། ཉིན་གཉིས་པར་ཚོང་པ་ཚོགས་པ་སྐབས་ལྔ་པའི་རྒྱུན་ལས་ཁག་འོས་འདེམས་གནང་རྒྱུ། བཙན་བྱོལ་བོད་མི་ཚོས་བལ་གོས་སམ་དགུན་གོས་ཅ་ལག་ལེན་ས་གཙོ་ཆེ་ཤོས་ནི། ཚོགས་ཆེན་ཚོགས་ཡུལ་གྱི་རྒྱ་གར་ལུ་ངྷི་ཡ་ན་གྲོང་ཁྱེར་ཆགས་ཡོད་པས། ནམ་རྒྱུན་དུས་ཚོད་འདི་ལ་བོད་མི་ཚོང་པ་ཚོ་འཚང་ཀ་ཤིག་ཤིག་ངང་ཅ་ལག་སྡེབ་ཉོ་བྱེད་པར་ཡོང་སྟེ། ས་གནས་སུ་མགྲོན་ཁང་མི་རག་པའི་དཀའ་ངལ་བཅས་ཡོང་གི་ཡོད་ནའང་། ད་ལོ་དམིགས་བསལ་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ཚོང་པ་དེ་ཙམ་མང་པོ་ཡོང་གི་མེད་པ་དང་། ད་ལྟའི་ཆ་ལ་ཡོང་མཁན་གྱི་ཚོང་པ་མང་ཆེ་ཤོས་རྒྱ་གར་བྱང་ཤར་ཨ་སམ་དང་། ལྷོ་ཕྱོགས་ཀྱི་མཱ་ཧཱ་ས་ཤེ་ཏི་ར་མངའ་ཁུལ་ནས་ཡིན་ཅིང་། བལ་གོས་ཀྱི་ཚོང་ལས་ནི་བཙན་བྱོལ་བོད་མི་ཚོ་སྐྱབས་བཅོལ་དུ་སླེབས་པ་ནས་བཟུང་། བོད་མིའི་འཚོ་བའི་རྟེན་གཞི་གལ་གནད་ཆེ་ཤོས་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།