དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནི་རྒྱ་ནག་གི་ཆབ་སྲིད་སྲ་བརྟན་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་བྱེད་ཀྱི་འདུག

2021.01.12
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནི་རྒྱ་ནག་གི་ཆབ་སྲིད་སྲ་བརྟན་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་བྱེད་ཀྱི་འདུག རྒྱ་མིང་བཏགས་ཡོད་པའི་ཆབ་མདོ་ཕྱོགས་ཀྱི་དབུལ་སྒྲོལ་གྲོང་ཚོ། ༢༠༡༩
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཟེར་བ་སྤེལ་བཞིན་པ་ནི་ཆབ་སྲིད་སྲ་བརྟན་ལ་དམིགས་པ་ཞིག་པ་ཡིན་པ་ཉམས་ཞིབ་པས་ངོས་འཛིན་བྱེད་བཞིན་འདུག
བོད་ནང་རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་ཟེར་བའི་ལས་དོན་འོག་ཞིང་འབྲོག་མི་མང་གནས་སྤོར་བྱེད་ཏུ་འཇུག་བཞིན་པ་སོགས་ལས་གཞི་འདྲ་མིན་སྤེལ་བཞིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་མི་མང་པོ་གྲོང་ཚོ་གཅིག་གི་ནང་གནས་སྡོད་བྱེད་ཏུ་བཅུག་ནས་མི་མང་གི་འཚོ་བའི་ཡར་རྒྱས་གཏོང་ཆེད་དུ་ཡིན་པ་བཤད་ཀྱི་ཡོད་ཀྱང་། དོན་དུ་བོད་མི་ཚོར་རྒྱ་ནག་གཞུང་ལ་རྒྱལ་ཞེན་གྱི་ཆབ་སྲིད་སློབ་གསོ་སྤྲོད་བདེ་བ་དང་། རྒྱ་སྐད་དང་རྒྱ་ཡིག་སྦྱོང་བཅུག་པ་སོགས་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་བདེ་པོ་ཆེད་དུ་ཡིན་པ་དང་། དཔེར་ན། ཉེ་དུས་བོད་སྟོད་ལུང་བདེ་ཆེན་ཁུལ་དུ་བོད་མི་གནས་སྤོ་བྱས་པའི་གྲོང་ཚོ་གཅིག་གི་ནང་བོད་མི་ཉིས་སྟོང་ཙམ་ཡོད་པ་ཚོར་ཆབ་སྲིད་སློབ་གསོ་སྤྲད་ཡོད་པ་སོགས་མདོ་དོན་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད་ཡིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གདན་ཞུ་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
བོད་ནང་ནས་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བར་གཞིགས་ན། བོད་མི་གནས་སྤོ་བྱས་པ་ཚོས་ཁང་པའི་རིན་འབབ་ཕྱེད་ཀ་དོ་བདག་རང་ཉིད་ནས་སྤྲོད་དགོས་པ་ལས་བོད་མིའི་འཚོ་བར་ཡར་རྒྱས་གང་ཡང་ཕྱིན་མེད་པ་སོགས་འགྲེལ་བརྗོད་གནང་གི་འདུག
གནས་སྤོས་བྱས་པའི་ཞིང་འབྲོག་མི་མང་ཚོར་ལག་ཤེས་འདྲ་མིན་བསླབ་ཀྱི་ཡོད་ཀྱང་། དེ་ནི་མི་མང་གི་ལོ་རྒྱུས་རང་བཞིན་གྱི་འཚོ་བར་འགྱུར་བ་ཕྱིན་པའི་དཀའ་ངལ་གསར་པ་ཞིག་དང་། ལྷག་པར་དུ་སྐད་དང་ཁྲིམས་སོགས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་བོད་མི་ཚོར་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་པ་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་ཀྱི་མུ་མཐུད་ནས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་ད་དུང་། རྒྱ་ནག་གཞུང་གིས་བོད་ནང་ཞིང་འབྲོག་མི་མང་གནས་སྤོར་བྱས་པ་རྣམས་ལ་དཔལ་འབྱོར་གི་རོགས་རམ་སྦྱོར་སྤྲོད་བྱེད་ཀྱི་ཡོད་ཀྱང་དེས་ཕུགས་ནས་ཕན་ཐོགས་མེད་པར་རིམ་པས་བོད་མིའི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་པར་སོང་དེས་སེམས་ཁམས་མི་བདེ་བ་དང་། ཆང་རག་མཐུང་བ། ཨུ་ཐུག་གི་འཚོ་བ་སྐྱེལ་དགོས་པའི་གནས་སྟངས་ཆགས་སྲིད་པས་བོད་མི་ཚོར་ཉེན་ཚབ་ཆེ་བའི་ལས་འཆར་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་གྲོང་གསེབ་ཁག་གྲོང་ཁྱེར་གྱི་ངོ་བོར་བསྒྱུར་བའི་སྲིད་བྱུས་དེའི་རྐྱེན་གྱིས་བོད་ནང་དུ་རྒྱ་མི་རིགས་གནས་སྤོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གནས་སྟངས་དེའི་འོག་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ད་དུང་བོད་ཀྱི་གྲོང་གསེབ་ཁུལ་གྱི་ས་ཞིང་རྣམས་གཞུང་ངོས་ནས་འཕྲོག་ལེན་བྱས་ཏེ་རྗེས་སུ་བོད་མི་ཚོར་ས་ཞིང་མེད་པ་ཆགས་འགྲོ་ཡི་ཡོད་པ་དང་། སྲིད་བྱུས་དེའི་དབང་གིས་བོད་ནང་གནས་སྤོ་བྱེད་མཁན་རྒྱ་རིགས་རྣམས་གནས་སྤོ་བྱ་བར་ལས་སླ་རུ་ཕྱིན་ཡོད་རེད་ཅེས་(The Diplomat) ཞེས་པའི་གསར་འགྱུར་ལས་ཁང་ནས་༢༠༡༧ལོར་གནས་ཚུལ་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎