དགེ་རྒན་ཚོས་གཞུང་ལ་ཞུ་འབོད་ངོ་རྒོལ་བྱས་འདུག


2014.05.02
མདོ་སྨད་རེབ་གོང་ཕྱོགས་ཀྱི་ལས་ཚབ་དགེ་རྒན་བརྒྱ་ལྷག་གིས་གཞུང་ལ་ཞུ་འབོད་གནང་བཞིན་པ། ༢༠༡༤།༤།༣༠ མདོ་སྨད་རེབ་གོང་ཕྱོགས་ཀྱི་ལས་ཚབ་དགེ་རྒན་བརྒྱ་ལྷག་གིས་གཞུང་ལ་ཞུ་འབོད་གནང་བཞིན་པ། ༢༠༡༤།༤།༣༠
པར། བོད་འབྱོར།

དེ་ཡང་ཕྱི་ཟླ་༤པའི་ཚེས་༣༠ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་གི་ལས་ཚབ་དགེ་རྒན་༡༦༠ལྷག་སྲིད་གཞུང་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་ས་གནས་དང་། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སོགས་སུ་གཞུང་གིས་ལས་བྱེད་ངོ་མ་མ་ཡིན་པའི་ལས་ཚབ་དགེ་རྒན་དང་། ལས་བྱེད་པའི་བདེ་སྡུག་ལ་གཟིགས་རྟོགས་གནང་དགོས་པ། གླ་ཕོགས་སྤར་ནས་ཐོབ་ཐང་ཁག་སྤྱི་མཚུངས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་ཞུ་གཏུགས་ལས་འགུལ་གནང་བཞིན་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་ས་གནས་ནས་བོད་མི་ཞིག་གིས་བརྗོད་དོན། ཞུ་གཏུགས་ཀྱི་ལས་འགུལ་སྐབས་རེབ་གོང་རྗོང་དང་། གཞི་རིམ་སློབ་གྲྭ་ཁག་གི་ལས་ཚབ་དགེ་རྒན་དང་། གཞན་ལས་བྱེད་པ་བཅས་མི་གྲངས་༡༦༠ཙམ་འདུ་འཛོམས་ཡོད་པ་རྣམས་ནི། སློབ་ཆེན་གྱི་ལག་འཁྱེར་ཡོད་ཅིང་། གཞུང་ཞབས་ལ་ཞུགས་རྒྱུའི་ཆ རྐྱེན་ཡོད་མཁན་ཡིན་པ་དང་།  མང་ཆེ་བ་བོད་མི་ཡིན་འདུག  ཡང་གནས་ཚུལ་ནང་གསལ་བར་གཞིགས་ན་། ཞུ་གཏུགས་གནང་མཁན་རེབ་གོང་ས་ཁུལ་གྱི་ལས་ཚབ་དགེ་རྒན་དང་ལས་བྱེད་པ་རྣམས་ནས་འདས་པའི་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ཟླ་རེར་གླ་ཕོགས་རྒྱ་སྒོར་༥༠༠ནས་༡༠༠༠ཙམ་ལས་མེད་པར་ཕྱག་ལས་གནང་པའི་རིང་རིམ་བཞིན་ལས་བྱེད་ངོ་མར་འགྱུར་རྒྱུའི་རེ་བ་བྱས་ཀྱང་། ཁོང་རྣམས་ཀྱི་གླ་ཕོགས་སྤར་རྒྱུའི་ཚབ་ལ་ད་དུང་ཐོབ་ཐང་གཞན་ཁག་ཀྱང་སྤྲོད་ཀྱི་མེད་པར་བརྟེན་ད་ཐེངས་ཀྱི་ཞུ་གཏུགས་ལས་འགུལ་འདི་སྤེལ་བ་ཞིག་ཡིན་འདུག  མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོ་ཞིག་ཏུ་དགེ་རྒན་ཙམ་མ་ཡིན་པར་རྫོང་དང་། ཤང་རིམ་པའི་ལས་ཁུངས་ཁག་ནང་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཟིན་པའི་སློབ་མ་ཚོར་ལས་ཚབ་བམ་འཕྲལ་སེལ་ལས་བྱེད་ལྟ་བུའི་གནས་སྟངས་འོག་ཟླ་རེར་གླ་ཕོགས་དམའ་པོ་སྤྲད་པ་མ་གཏོགས་ གཞན་ཁང་རིན་དང་སྨན་དོད་ལ་སོགས་པའི་ཐོབ་ཐང་གང་ཡང་མེད་པ་མ་ཟད། ལས་ཁུངས་ཁ་ཤས་ཀྱིས་གཡོག་པོ་ནང་བཞིན་བཀོལ་སྤྱོད་བྱས་ཏེ་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པའི་གནས་ཚུལ་འདུག

མདོ་སྨད་རེབ་གོང་ཕྱོགས་ཀྱི་ལས་ཚབ་དགེ་རྒན་བརྒྱ་ལྷག་གིས་གཞུང་ལ་ཞུ་འབོད་གནང་བཞིན་པ། ༢༠༡༤།༤།༣༠
འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གིས་ལོ་སྔོན་མར་བཏོན་པའི་མི་ཤུགས་ཐོན་ཁུངས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་ནང་། ཉེ་བའི་ལོ་ཤས་རིང་ས་གནས་ཁག་གི་སྲིད་གཞུང་སྡེ་ཁག་ནས་ཀྱང་མ་མཐའི་གླ་ཕོག་ཚད་གཞི་ཐེངས་མང་མཐོ་རུ་བཏང་ཡོད་པ་རེད། སྤྱི་ལོ༢༠༡༣ལོའི་ཟླ༧པའི་བར། རྒྱལ་ཡོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས༡༨ཀྱིས་སྔ་རྗེས་སུ་མ་མཐའི་གླ་ཕོག་ཚད་གཞི་མཐོ་རུ་བཏང་ཡོད་པ་དང་ཧྲང་ཧེའི་ཡི་ཟླ་རེའི་མ་མཐའི་གླ་ཕོག་གི་ཚད་གཞི་སྒོར༡༦༢༠ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་སོགས་འཁོད་འདུག

གསར་འགོད་པ་ལྕགས་མོ་འཚོ་དང་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎