རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དགེ་རྒན་རིན་ཆེན་སྐྱིད་ཀྱི་ནང་མི་ཚོས་ཁོ་མོའི་གནས་སྟངས་ལ་བློ་ཚབས་བྱེད་བཞིན་ཡོད་པ།

འདི་ལོའི་ཕྱི་ཟླ་༨་ཚེས་༡ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས། རྒྱ་ནག་གཞུང་གིས་རང་ཁྱིམ་དུ་འཛིན་བཟུང་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་ལྟར། ད་ལྟའི་ཆར་མུ་མཐུད་ཁོ་མོ་གང་དུ་ཡོད་སོགས་གསལ་ཁ་གང་ཡང་མེད་པར་གྱུར་ཡོད་པ་ལྟར། ཁོ་མོའི་ནང་མི་ཚོས་ཁོ་མོ་གསོན་ངོགས་ན་ཡོད་མེད་ཀྱི་བློ་ཚབས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ལ་ཁོ་མོ་གང་དུ་ཡོད་མེད་སོགས་གསལ་བཤད་ཡོང་བའི་ཞུ་གཏུགས་བྱེད་བཞིན་ཡོད་པའི་སྐོར། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་མིང་བརྗོད་གནང་འདོད་མེད་མཁན་ཞིག་གིས་འདི་ཚེས་༡༡ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉེ་སྔོན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབས་རྗེས། དགེ་རྒན་ཚོར་དམ་དྲག་དང་དར་ལག་རྫོང་ནས་ས་ཆ་གཞན་གང་དུ་ཡང་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་བྱས་པའི་རྐྱེན་གྱིས། ཁོ་མོར་སེམས་ཁམས་མི་སྐྱིད་པ་སོགས་ཀྱི་གནས་སྟངས་འོག་ཉིན་ཤས་རིང་ཟ་མ་སོགས་མ་ཟོས་པས། རྒྱ་ནག་ཉེན་རྟོག་པས་ཁོ་མོས་སྲིད་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་སྐོར་བརྗོད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་བཞིན། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། དགེ་རྒན་རིན་ཆེན་སྐྱིད་ལགས་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ནང་མི་ཚོར་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཁོ་མོར་སྙིང་གི་ནད་གཞི་ཡོད་སྟབས་སྨན་ཁང་དུ་ཡོད་སྐོར་བརྗོད་དེ། ནང་མི་ཚོར་ཐུག་འཕྲད་དང་མིག་གི་མཐོང་སར་སྟོན་པ་ཙམ་ཡང་བྱེད་ཀྱི་མེད་པའི་སྐོར་བརྗོད་བྱུང་།
ཡང་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་རྗེས། ས་གནས་སློབ་མ་༡༠༠་ལྷག་དར་ལག་རྫོང་གཞུང་གཉེར་སློབ་གྲྭར་བཏང་ཡོད་ཀྱང་། སློབ་ཕྲུག་དེ་དག་ལ་དེ་སྔ་འགྲོ་སའི་སློབ་གྲྭ་ནོར་ཡོད་སྐོར་བརྗོད་ནས། བསམ་བློའི་སློབ་གསོ་ཟེར་བ་ཞིག་འཚོགས་ཏེ་ཉིན་ལྟར་གུང་ཁྲན་ཏང་དཀའ་དྲིན་ཆེན་པོ་ཡིན་པའི་སྐོར་དང་། དེ་སྔ་བོད་མི་ཚོར་ཟ་འཐུང་ཙམ་ཡང་ཡག་པོ་མེད་པ་ནས་གུང་ཁྲན་ཏང་གིས་བོད་མི་ཚོར་ཚང་མ་སྤྲད་པ་ཡིན་པའི་སྐོར་སོགས་ཀྱི་སློབ་གསོ་བརྒྱབ་བཞིན་ཡོད་པ་མ་ཟད། ཕ་མ་ཚོར་ཕྲུ་གུ་ཚོའི་སློབ་གསོར་འགན་འཁུར་དགོས་སྐོར་བརྗོད་ནས་ཕ་མ་ཚོར་ཚོགས་འདུ་འདྲ་མིན་ཚོགས་ཀྱི་ཡོད་པ་དང་། གཞན་ཉེ་སྔོན་སེང་འབྲུག་སྟག་རྩེ་སློབ་གྲྭ་ནས་ཡིན་པའི་དྭ་ཕྲུག་སློབ་མ་༢༨ལྷག་ཡོད་པ་ཚོ་ལས་ཁག་ཅིག་ད་ལྟའི་ཆར་ས་གནས་གཞུང་གི་སློབ་གྲྭའི་ནང་བཏང་ཐུབ་ཡོད་ཀྱང་། རེ་ཟུང་ས་གནས་གཞན་ནས་ཡིན་སྟབས་ལག་འཁྱེར་དཔང་ཡིག་ས་ཆ་གཞན་ནས་བཟོས་པའི་རྐྱེན་གྱིས་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་༧ཚེས་༨ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབས་པའི་གནས་ཚུལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཐོག་མར་ཤེས་རྟོགས་བྱུང་བ་བཞིན། སྐབས་དེར་རྒྱ་ནག་གཞུང་གིས་སློབ་གྲྭ་དེར་རྒྱ་ནག་གིས་གཏན་འབེབས་བཞིན་སློབ་ཚན་ལག་བསྟར་དགོས་སྐོར་བརྗོད་ནས་སྒོ་རྒྱག་བཅུག་ཡོད་ཀྱང་། རྗེས་སུ་སློབ་གྲྭ་དེ་ནས་ཡིན་པའི་དགེ་རྒན་ཚོར་དམ་དྲག་དང་། སློབ་ཕྲུག་ཚོ་གཞུང་གཉེར་སློབ་གྲྭར་འཛུལ་མི་བཅུག་པ་དང་བདག་པོ་མེད་པའི་དྭ་ཕྲུག་སློབ་མ་ཚོར་བདག་སྐྱོང་བྱེད་མི་བཅུག་པ་སོགས་ཀྱི་དཀའ་ངལ་རིམ་པར་འཕྲད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གི་ཤེས་ཡོན་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ནས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཡིག་བོད་སྐད་ཀྱི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་བཞིན་པ་དེའི་དམིགས་ཡུལ་གཙོ་བོ་ནི། བོད་པ་ཚོ་དང་བོད་ཀྱི་སྐད་ཡིག་རིག་གཞུང་ལ་བར་ཐག་བཟོ་ཐབས་ཤིག་ཡིན་སྐོར་བརྗོད་བྱུང་།
དགེ་རྒན་རིན་ཆེན་སྐྱིད་ལགས་ནི་འདི་ལོ་ལོ་ན་༤༠་ཡས་མས་ཡིན་པ་དང་། ཁོ་མོ་ལོ་ངོ་༢༠ལྷག་གི་ལོ་རྒྱུས་ཡོད་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་དབུ་བརྙེས་ནས་ཅུང་ཙམ་ལས་མ་འགོར་བར་སློབ་གྲྭ་དེར་དགེ་རྒན་བྱས་ཡོད་པ་དང་། ཁོ་མོས་སློབ་གྲྭ་དེའི་འཛིན་རིམ་གཉིས་པ་དང་གསུམ་པར་བོད་ཡིག་དང་ཨང་རྩིས་ཁྲིད་མྱོང་ཡོད་པ་དང་། ད་ལྟ་ཁོ་མོའི་ཤུལ་དུ་ཨ་མ་དང་བཟའ་ཟླ། ལོ་ན་༡༣ཅན་གྱི་བུ་མོ་བཅས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག