ཁྲིམས་ཞིབ་པ་རྣམས་གནས་དབྱུང་བཏང་བ་ནི་མང་གཙོའི་ཀ་བ་གསུམ་གྱི་རྨང་གཞི་མེད་པར་བཟོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་ལན་འདེབས་གནང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་གནས་དབྱུང་བཏང་བ་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་རྨང་གཞི་མེད་པར་བཟོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་རྣམ་པས་ཕྱི་ཟླ་༣ཚེས་༢༦ཉིན་ཆེད་བསྐོང་གནང་པའི་གསར་འགོད་ལྷན་ཚོགས་སྐབས་གསལ་བཤད་ལན་འདེབས་གནང་འདུག
དེའི་ཐད་འདི་ཚེས་༢༦རེས་གཟའ་པ་སངས་ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གོང་ཞུས་གནས་ཚུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བཤད་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་སྒལ་རལ་བཙོང་སྟེ་བཅའ་ཁྲིམས་དོན་ཚན་༤༠པར་རྩིས་མེད་རྡོག་རོལ་བཏང་བ་དང་། རང་ཉིད་ཀྱི་ཁྲིམས་འགལ་བྱས་པའི་སྐྱོན་མཚང་སྦས་ཐབས་སུ། བཅའ་ཁྲིམས་ཀྱི་དགོངས་དོན་ལ་ལོག་འགྲེལ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ། དེ་བཞིན་སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱི་བྱ་རིམ་ཚུལ་མིན་སྤྱད་པ། སྤྱི་འཐུས་རྣམས་ལོག་འཁྲིད་བྱས་མཐར། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་གྱི་གྲོས་ཆོད་འཇོག་ཏུ་བཅུག་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཁྲིམས་ལུགས་དབང་འཛིན་གྱི་རྨང་གཞི་མེད་པ་བཟོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསལ་བཤད་ལན་འདེབས་གནང་ཡོད་པ་རེད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་བཅུ་པ་སྟེ། སྤྱི་ཟླ་༣པའི་ཚེས་༢༥ཉིན། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༩པ་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས་བཅས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་པས་འཕོ་འགྱུར་གཏོང་དགོས་པའི་གྲོས་འཆར་ཏེ། མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་གྱི་སྒྲིག་འཛུགས་ཤིག་གི་ལས་ཀྱི་སྣེ་མོ་བ་ཡོངས་རྫོགས་གནས་དབྱུང་གཏོང་རྒྱུའི་མང་གཙོའི་ལམ་ལུགས་ཐད་ཀྱི་འགག་རྩའི་གནད་དོན་འདིའི་ཐད་སྤྱི་འཐུས་ཉུང་ཤས་ཤིག་ལ་མ་གཏོགས་བགྲོ་གླེང་བྱེད་པའི་གུ་སྐབས་གནང་མེད་ལ། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་གསང་བའི་འོས་བསྡུ་བྱེད་དགོས་པའི་ལམ་སྟོན་ཐོག འཐུས་མི་ ༣༡ གི་རྒྱབ་སྐྱོར་དང་འཐུས་མི་ ༡༠ས་ངོ་རྒོལ་གནང་སྟེ་མང་མོས་ཀྱི་ཐོག་ནས་ཁྲིམས་ཞིབ་པ་རྣམ་པ་གནས་དབྱུང་བཏང་རྒྱུའི་གྲོས་འཆར་གཏེན་བེབས་བྱུང་ཡོད་པ་རེད།
གནད་དོན་འདིའི་བྱུང་རྐྱེན་གཙོ་བོ་ཞིག་ནི། བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་༢༠༢༠ལོའི་སྤྱི་ཟླ་༩པའི་གྲོས་ཚོགས་ཕར་འགྱངས་བཏང་བའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཐག་གཅོད་དེ་དག་བཅའ་ཁྲིམས་དོན་ཚན་༤༠པའི་དགོངས་དོན་དང་འགལ་བ་ཞིག་ལ་ངོས་འཛིན་གྱིས། སྤྱི་འཐུས་རྒྱུན་ལས་རྣམས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་བཏང་བ་དེ་ཡིན་ཞིང་། སྐབས་དེར་དབུས་འོས་བསྡུ་ལས་ཁང་ལ་ཕྱག་ཡིག་ཞིག་བཏང་བའི་ནང་། སྤྱི་འཐུས་རྒྱུན་ལས་ཀྱི་འགལ་འཛོལ་ལ་དམིགས་ཏེ། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༥༡་ཁ་ ནང་གསེས་༢་གཞིར་བཟུང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢་དང་༦༣། ༩༧། ༡༠༡། ༡༠༧་ནང་གསལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་སོར་གནས་དང་། འོས་བསྡུའི་སྒྲིག་གཞི་ནང་གསལ་གྱི་འགན་ཁུར་ལེན་ཆོག་པ་ཕུད། གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་བ་བཞིན་ལག་བསྟར་དགོས་པའི་བཀོད་ཁྱབ་བཏང་གནང་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་ལ་ངོས་ལེན་མ་བྱས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་ཡིན་པ་བརྗོད་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ངོས་ལེན་བྱས་མེད་པ་སོགས་དང་འབྲེལ་ནས་བྱུང་བའི་གནས་ཚུལ་ཞིག་ཀྱང་ཡིན་པ་རེད།
སྤྱི་འཐུས་གྲོས་ཚོགས་ནས་གནས་དབྱུང་བཏང་པའི་ཁྲིམས་ཞིབ་པ་རྣམ་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་འདྲ་མིན་དང་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་སྲིད་ཞུ་གྲུབ་མྱོང་མཁན་ཤ་སྟག་ཡིན་པ་རེད། དཔེར་ན། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནོར་བུ་ལགས་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཡུན་རིང་གནང་ཞིང་། ཕྱི་ལོ་ ༢༠༠༣ ལོ་ནས་འགོ་བཙུགས་པའི་བོད་རྒྱ་འབྲེལ་མོལ་དམིགས་བསལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཡང་གནང་མྱོང་ཡོད་ལ། མཚན་གནས་དེའི་ཐོག་ནས་བོད་དུ་ཡང་ཕེབས་མྱོང་ཡོད་པ་ཞིག་རེད་ལ། དེ་བཞིན་ཁོང་ཨོསི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱང་གནང་མྱོང་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་གཅིག་པུའི་ནང་དྭགས་པོ་བསོད་ནམས་ནོར་བུ་ལགས་ནི་མི་ལོ་༣༧ལྷག་ཕྱག་ལས་གནང་ཡོད་མཁན་ཞིག་ཡིན་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བའི་ནང་འཛུལ་ཞུགས་མ་གནང་གོང་། ཁོང་གིས་སློབ་དགེའི་ཕྱག་ལས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ནང་ཡང་གནས་རིམ་འདྲ་མིན་གྱི་ཐོག་ཕྱག་ལས་གནང་མྱོང་ཡོད་པ་ཞིག་ཡིན་པ་རེད། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ང་ཚོ་ཆེས་མཐོའི་ཁྲིམས་པ་རྣམ་པ་འཕོ་འགྱུར་བཏང་བ་དེར་འགྱོད་སེམས་གང་ཡང་མེད་པར། ད་བར་ང་ཚོས་གང་བྱེད་པར་འགྲིག་ཡོད་བསམ་གྱི་འདུག་ལ། ང་ཚོས་བྱས་པའི་ལས་ཀ་འདིའི་བརྒྱུད་ནས་མང་གཙོ་གོང་འཕེལ་ཡོང་བར་ཕན་རེ་གནང་གི་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་ནི། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་པོ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན། དེ་བཞིན་ཆོས་ཪིག་ལས་ཁུངས་ཀྱི་དྲུང་ཆེ་སོགས་བོད་མིའི་སྒྲིག་འཛུགས་ལ་མི་ལོ་༣༠ལྷག་ཕྱག་ལས་གནང་མྱོང་ཡོད་འདུག་ཅིང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལྟའི་གནས་ཚུལ་འདི་ལྟ་བུ་ལ། མ་འོངས་པར་ཁྲིམས་ཡང་དག་པོ་ཞིག་བཟོ་མ་ཐུབ་ན། ཧ་ཅང་གི་ཉེན་ཁ་ཆགས་ཡོད་པ་གསུངས་ཡོད་པ་རེད།
དེ་བཞིན་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་ནི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ནང་འཛུལ་ཞུགས་ཀྱིས་བདེ་སྲུང་ལས་ཁུངས་དང་ཤེས་རིག་ལས་ཁུངས་། དཔལ་འབྱོར་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་སུ་ཕྱོགས་ལས་གནང་མྱོང་འདུག་པ་མ་ཟད། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་འདུག་པ་སོགས་བོད་མིའི་སྒྲིག་འཛུགས་ལ་ཁྱོན་མི་ལོ་༢༥ལྷག་ཕྱག་ལས་གནང་མྱོང་འདུག་ཅིང་། ཁོང་གིས། ད་བར་བོད་མིའི་སྒྲིག་འཛུགས་ལ་ལས་ཀ་བྱེད་རྒྱུ་བྱུང་བར་སེམས་ནང་ཧ་ཅང་གི་སྤོབས་པ་ཡོད་ལ། ད་རེས་ཀྱི་གནས་ཚུལ་འདི་ནི་མང་གཙོ་ཀ་བ་གསུམ་ཡོད་པའི་ནང་ནས་གཅིག་ཉམས་ཉེས་སུ་བཏང་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་དགོངས་ཚུལ་གསལ་བཤད་གནང་ཡོད་པ་རེད།
གོང་ཞུས་གནད་དོན་འདིའི་ལོ་རྒྱུས་རང་བཞིན་གྱི་འགན་ཡོངས་རྫོགས་སྤྱི་འཐུས་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམས་ཀྱིས་འཁུར་དགོས་པ་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་ཞིང་། ད་རེས་ཀྱི་གསར་འགོད་གསལ་བསྒྲགས་འདི་གྲུབ་པའི་རྗེས། ཁྲིམས་ཞིབ་པ་གསུམ་པོ་ལས་གནས་ནས་འཁྱུར་འགྲོ་ཡི་ཡོད་པ་གསལ་བཤད་གནང་སོང་།
འདི་གའི་གསར་འགོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཅར་ནས་འདྲི་རྩད་བྱས་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་བྱུང་མེད་པས། གང་ཡང་ཞུ་རྒྱུ་མེད་ཅེས་འགྲེལ་བརྗོད་གནང་ཞིང་། མང་གཙོའི་ཀ་བ་གསུམ་གྱི་ནང་ནས་འཛིན་སྐྱོང་གི་དབུ་ཁྲིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་ཀྱང་འདིའི་སྐོར་ད་བར་གང་ཡང་གསུངས་མེད་པ་རེད།