བོད་པའི་སློབ་ཕྲུག་ཁྲི་ཚོ་མང་པོ་རྒྱ་ནག་གི་མཐོ་རྒྱུགས་ཁྲོད་བོད་ཡིག་གི་ཡིག་རྒྱུགས་མེད་པར་ཞུགས་དགོས་བྱུང་གི་ཡོད་འདུག
ཕྱི་ཟླ་ ༦ ཟླ་མགོ་ནས་བཟུང་རྒྱ་ནག་རྒྱལ་ཡོངས་སུ་ཕྱི་ལོ་༢༠༢༤ལོའི་རྒྱ་ནག་གི་མཐོ་རིམ་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་ཀྱི་ཆེད་གཅིག་གྱུར་ཡིག་རྒྱུགས་ཞེས་པ་སྤྲོད་འགོ་ཚུགས་ཡོད་པ་དང་། འདི་ལོ་རྒྱ་ནག་རྒྱལ་ཡོངས་སུ་སློབ་མ་ས་ཡ་ ༡༣ གིས་མཐོ་རྒྱུགས་ཁྲོད་འཛུལ་ཞུགས་ཐོ་འགོད་བྱས་ཡོད་པ་དང་། རྒྱ་ནག་གི་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་མངའ་ཁུལ་གྱི་རྔ་པ་ཁུལ་གྱི་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཁག་ཏུ།བོད་ཡིག་ཆེད་སྦྱོང་གི་སློབ་མ་ཚོས་འདི་ལོ་ནས་བོད་སྐད་ཡིག་ཡིག་རྒྱུགས་གཅིག་པུ་ལས། གཞན་སློབ་ཚན་ཚང་མ་རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་གཏོང་དགོས་པ་བཟོས་ཡོད་པ་དང་། གནས་སྟངས་དེས་སློབ་ཕྲུག་ཚོའི་རྒྱ་ཡིག་རྒྱུགས་གཏོང་དགོས་བྱུང་གི་ཡོད་སྟབས། ཡིག་རྒྱུགས་འཕྲོད་མིན་ཐད་དཀའ་ཁག་དང་སེམས་འཁྲལ་ཆེན་པོ་བྱུང་གི་ཡོད་པ། རང་གི་བདེ་འཇགས་ཆེད་མིང་འབོད་བྱེད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། འདི་ལོ་རྒྱ་ནག་གི་མཐོ་རྒྱུགས་ཁྲོད་བོད་རང་སྐྱོང་ལྗོངས་ནས་སློབ་མ་ཁྲི་ ༣ ལྷག་དང་། མཚོ་སྔོན་ཞིང་ཆེན་དུ་སློབ་ཕྲུག་ཁྲི་ ༥ གཅིག་གྱུར་ཡིག་རྒྱུགས་ཞེས་པའི་ནང་ཞུགས་དགོས་འཁེལ་གྱི་ཡོད་པ་དང་། འབྲེལ་ཡོད་བོད་མི་གཅིག་གིས་བོད་རང་སྐྱོང་ལྗོངས་སུ་ཕྱི་ལོ་༢༠༡༤ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཡིག་གི་ཡིག་རྒྱུགས་གཏོང་མི་ཆོག་པར། རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་གི་ཡིག་རྒྱུགས་ངེས་པར་དུ་གཏོང་དགོས་པ་བཟོས་ཡོད་པ་རེད་ལ། དེ་མིན་བོད་ཡིག་གི་ལམ་ནས་སློབ་ཚན་ཚང་མར་ཡིག་རྒྱུགས་གཏོང་ཆོག་སའི་ས་ཆ་དེ་རྔ་པ་ཁུལ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ཡིག་སློབ་གྲྭ་ཁག་ཅིག་ཡོད་ན་ཡང་། དེང་སྐབས་སློབ་གྲྭ་དེ་དག་གིས་རྒྱ་ཡིག་གི་ཐོག་ནས་གཅིག་གྱུར་ཡིག་རྒྱུགས་གཏོང་དགོས་པ་ཆགས་ཡོད་པས། བོད་པའི་སློབ་ཕྲུག་རྒྱ་ཡིག་ནང་མཐོ་རྒྱུགས་གཏོང་དགོས་འཁེལ་མཁན་གྱི་གྲངས་ཚད་རང་བཞིན་གྱིས་མང་དུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སའི་སློབ་གྲྭ་ཁག་ཏུ་ཐབས་ལམ་གཉིས་པའི་སློབ་ཁྲིད་ལམ་ལུགས་ཞེས་བོད་རིགས་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་འཛིན་ཡོད་ལ། དེ་སྔ་ཡིན་ན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་བོད་ཡིག་གི་ལམ་ལུགས་ཡིག་རྒྱུགས་གཏོང་མཁན་ཚོར་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་སྐར་གྲངས་ཞེས་བསྣན་སྲོལ་ཡོད་ན་ཡང་། ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་སློབ་ཁྲིད་དང་ཡིག་རྒྱུགས་གཅིག་གྱུར་ཞེས་པའི་མིང་ཐོག་ནས་སྐར་གྲངས་དེ་རིགས་མེད་པ་བཟོས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༤ ཟླ་ ༤ ནང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་ཟེར་བས། རྒྱ་ནག་གི་གྲོང་ཁྱེར་ཁག་གི་ཕ་མ་ཚོས་བོད་ནང་དུ་ཡིག་རྒྱུགས་གཏོང་འདོད་ན་བོད་རང་སྐྱོང་ལྗོངས་ནང་རྒྱ་སྒོར་ཁྲི་ ༣༠༠ ཡི་དངུལ་བཞག་འཐུས་པ་སོགས་བྱས་ཡོད་པ་རེད། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་བཙན་ཐབས་ཀྱིས་རྒྱ་ཡིག་གི་ལམ་ནས་ཡིག་རྒྱུགས་གཏོང་བཅུག་པ་དང་། རྒྱ་རིགས་སློབ་མ་མང་པོ་བོད་ནང་གནས་སྤོས་ཀྱིས་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་སྤྲོད་བཞིན་པ་སོགས་ཀྱིས་བོད་ཕྲུག་ཚོར་གོ་སྐབས་འདྲ་མཉམ་མིན་པའི་གནས་སྟངས་ཤུགས་ཆེར་བྱུང་གི་ཡོད་པ་བརྗོད་བྱུང་།
རྒྱ་ནག་གི་མཐོ་རྒྱུགས་ནི་ལོ་རེའི་ཕྱི་ཟླ་ ༦ ཟླ་མགོར་མགོ་ཚུགས་ཏེ་ཉིན་གསུམ་རིང་གཏོང་གི་ཡོད་པ་དང་། རྒྱུགས་སྤྲོད་ལམ་ལུགས་དེ་ནི་ཞིབ་བཤེར་དང་ལྟ་རྟོགས་ཤུགས་ཆེན་འོག་གཏོང་སྲོལ་ཡོད་པ་ཞིག་ཡིན་པ་རེད་ལ། ཡིག་རྒྱུགས་དེ་ནི་སློབ་ཕྲུག་ཚོར་མཚོན་ན་རང་གི་མ་འོངས་མདུན་ལམ་ཐག་གཅོད་བྱེད་པའི་ལམ་བུ་ཞིག་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་འབྲེལ་ངོས་ནས་སློབ་མའི་ཆེད་རྒྱུགས་སྤྲོད་གྲ་སྒྲིག་གང་ལེགས་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་༦ཚེས་༧ ཉིན་རྒྱ་ནག་གཞུང་འབྲེལ་སློབ་གསོ་ལས་ཁུངས་ནས། མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཚོས་དྲང་བདེན་ངང་རྒྱུགས་ལ་ཞུགས་ཏེ། ལག་འཁྱེར་ཁ་པར་སོགས་སྐུད་མེད་བརྡ་གཏོང་ལག་ཆ་དང་གཞན་པའི་སྒྲིག་འགལ་དངོས་རྫས་རྒྱུགས་རར་འཁྱེར་མི་ཆོག་པ་དང་། རྒྱུགས་ལེན་ས་ཚིགས་ཀྱི་བདེ་འཇགས་ཞིབ་བཤེར་དྭང་ལེན་དགོས་པ་སོགས་ཀྱི་ལམ་སྟོན་བྱས་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།