མདོ་སྨད་མཚོ་ནུབ་ཁུལ་དུ་སློབ་ཕྲུག་ཚོས་རྒྱ་གཞུང་ལ་ངོ་རྒོལ།

མདོ་སྨད་མཚོ་ནུབ་ཁུལ་ཐེམ་ཆེན་རྗོང་བོད་ཡིག་སློབ་འབྲིང་གི་སློབ་མ་བརྒྱ་ཕྲག་གིས་རྗོང་སྲིད་གཞུང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

2010.10.26

༄༅༎ཕྱི་ཟླ་༡༠པའི་ཚེས་༢༥རེས་གཟའ་ཟླ་བའི་ཉིན་བོད་མདོ་སྨད་མཚོ་ནུབ་ཁུལ་ཐེམ་ཆེན་རྗོང་བོད་ཡིག་སློབ་འབྲིང་གི་སློབ་མ་བརྒྱ་ཕྲག་གིས་རྗོང་སྲིད་གཞུང་གི་མདུན་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་པའི་ལས་འགུལ་སྤེལ་ཡོད་པ་རེད།

འདི་གར་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བའི་ནང་དུ། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བོད་ཡིག་སློབ་གསོ་བསྒྱུར་བཅོས་ཀྱི་སྲིད་ཇུས་གསར་པ་དེར་སློབ་མ་ཚོས་བློ་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཏེ། ཕྱི་ཟླ་བཅུ་པའི་ཚེས་༡༩ཉིན་བོད་ཀྱི་མདོ་སྨད་རེབ་ཀོང་ཁུལ་གྱི་བོད་རིགས་སློབ་མ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་འགོ་བཙུགས་པ་དང། དེ་རྗེས་གོ་ལོག་དང་ཆབ་ཆ་སོགས་ཀྱི་སློབ་མ་ཚོས་ཀྱང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་བཞིན། ཕྱི་ཚེས་༢༥ཉིན་གྱི་ཕྱེད་ཡོལ་ཚོུད་༢པའི་ཐོག་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་༣༠༠ལྷག་གིས་བོད་ཀྱི་སློབ་གསོ་བསྒྱུར་བཅོས་ཀྱི་སྲིད་ཇུས་ལ་མི་དགའ་བའི་རྣམ་འགྱུར་བཏོན་པའི་སྐད་འབོད་བྱས་པ་དང། ཁོང་ཚོས་སྐད་ཡིག་གཅེས་སྐྱོང༌། མི་རིགས་འདྲ་མཉམ་ཞེས་པའི་འབོད་ཚིག་སྒྲོག་བཞིན་ཐེམ་ཆེན་རྫོང་བོད་ཡིག་སློབ་འབྲིང་ནས་རྫོང་སྲིད་གཞུང་བར་གོམ་བགྲོད་བྱས་ཡོད་པ་རེད། དེ་རྗེས་ཁོང་ཚོས་རྫོང་སྲིད་གཞུང་མདུན་དུ་མུ་མཐུད་ནས་ཚོུད་ཕྱེད་ཀ་ཙམ་སྐད་འབོད་བྱས་ཡོད་ཀྱང་རྫོང་གི་ཉེན་རྟོག་པ་ཡོང་སྟེ་སློབ་མ་རྣམས་ཕྱིར་སློབ་གྲར་ཁྲིད་ཡོད་པ་ལས་ཉེས་རྡུང་བཏང་བ་དང་འཛིན་བཟུང་བྱས་པའི་གནས་ཚུལ་གང་ཡང་བྱུང་མེད་ཅིང༌། ཡིན་ནའང་ད་ལྟ་སློབ་མ་རྣམས་རྫོང་བོད་ཡིག་སློབ་འབྲིང་ནས་ཕྱི་ལ་རང་དབང་གི་འགྲོ་བསྐྱོད་བྱེད་མ་བཅུག་པར་དམ་བསྒྲགས་བྱེད་མུས་མ་ཟད། གསང་སྤྱོད་དུ་བསྐྱོད་པའི་སྐབས་ལའང་ཉེན་རྟོག་པའི་ལྟ་རྟོགས་བྱེད་ཀྱི་ཡོད་པ་རེད། ད་རེས་བོད་ཀྱི་མདོ་སྨད་ཐེམ་ཆེན་རྫོང་བོད་རིགས་སློབ་མ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་དགོས་འདུན་བཏོན་པའི་ལས་འགུལ་སྤེལ་དགོས་པའི་དོན་རྐྱེན་གཙོ་བོ་དེ་ཡང༌། ཕྱི་ཚེས་༢༥ ཉིན་རྫོང་སྲིད་གཞུང་གིས། ཕྱི་ལོ་༢༠༡༠ ནས་༢༠༢༠ ལོའི་དུས་ཡུན་རིང་གི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ལས་དོན་འཆར་གཞིའི་གཙོ་གནད་ཅེས་པའི་ཡིག་ཆ་དེ་ལག་བསྟར་བྱ་དགོས་པའི་གསལ་བསྒྲགས་བྱས་པར་བརྟེན་ནས་སློབ་མ་ཚོས་སློབ་གསོའི་སྲིད་ཇུས་གསར་པ་དེར་འདོད་པ་མེད་པའི་རྣམ་འགྱུར་བཏོན་པ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎