བཙན་བྱོལ་ནང་གི་སྐབས་བཅོ་ལྔ་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་ཚོགས་བཞིན་འདུག

འདི་ཚེས་༡༠ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་དཔལ་གཤེན་བསྟན་སྨན་རི་གླིང་དུ་སྐབས་བཅོ་ལྔ་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་འགོ་འཛུགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་སྐད་ཡིག་བེད་སྤྱོད་སྐབས་མི་རིགས་གཞན་གྱི་སྐད་བརྡའི་སླད་ཞུགས་པ་འགོག་ཐབས་དང་། དེ་བཞིན་ཐ་སྙད་གསར་བཟོ། དུས་རབས་བདུན་པའི་ཡར་སྔོན་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གནས་བབས། མཐོ་སློབ་འགྲིམས་བཞིན་པའི་སློབ་མ་ཚོས་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་སོགས་བརྗོད་གཞི་རིགས་མི་འདྲ་བཅོ་ལྔ་ཙམ་གྱི་ཐོག་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱ་རྒྱུ་ཡིན་པ་སྐབས་བཅོ་ལྔ་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་གོ་སྒྲིག་ཚོགས་གཙོ་ཤེས་རབ་གྲགས་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་གཙོ་བློ་བཟང་ཚེ་དཔག་ལགས་ཀྱིས་གསུངས་ན། རྩ་བའི་ཆ་ནས་རྒྱ་གར་ནང་བོད་པའི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་ཅི་ཐུབ་གནང་གི་ཡོད་མོད། ཕྱི་ནང་གི་རྒྱུ་རྐྱེན་འདྲ་མིན་འོག་བོད་མི་རིགས་ཀྱི་སྐད་དང་ཡི་གེ་མི་རིགས་གཞན་གྱི་སྐད་ཡིག་ནང་ཐིམས་འགྲོ་བའི་དཀའ་ངལ། དེ་བཞིན་མཐོ་སློབ་ཁག་ཅིག་ཏུ་སློབ་ཡོན་ཆེ་དྲགས་པ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་མུས་ལ་སོང་། དེའི་ཐད་མཐོ་རིམ་སློབ་མའི་ཚོགས་འདུའི་ཐོག་གྲོས་ཆོད་བྱུང་བ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ལ་སྙན་གསན་རིམ་ཕུལ་གྱིས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་དེའི་ཐད་ཐུགས་འཁུར་ཆེ་བཞེས་ཀྱིས་ནུས་པ་འདོན་དང་འདོན་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྐབས་བཅོ་ལྔ་པའི་མཐོ་རིམ་སློབ་མའི་སྤྱི་ཁྱབ་འབྲེལ་མཐུད་པ་ཐུབ་བསྟན་རབ་བརྟན་ལགས་ནས། བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གྲྭའི་ཚོགས་པ་འདྲ་མིན་གྱི་ཁྲོད་ཚོགས་པ་འདི་བཞིན་དུས་ཡུན་རིང་ཤོས་དང་ཚགས་ཚུད་ཤོས། བོད་པའི་ཆོས་དང་རིག་གཞུང་ལ་ཞབས་ཕྱི་ཞུ་མཁན་གྱི་ཚོགས་པ་ཞིག་ཡིན་དུས་སྔར་རྒྱུན་བཞིན་བོད་གཞུང་མང་གཉིས་ཀས་ངོས་ནས་རྒྱབ་སྐྱོར་མུ་མཐུད་གནང་གལ་ཆེ་ཞེས་འབོད་སྐུལ་གནང་གི་འདུག །
ཚོགས་འདུའི་ཐོག་སྨན་རིའི་སློབ་དཔོན་རིན་པོ་ཆེ་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ས་གནས་འགོ་འཛིན་གཙོས་སྐུ་མགྲོན་ཁག་དང་གོ་སྒྲིག་པ་སོགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་དང་། ཚོགས་བཅར་བ་རྣམས་ནས་བསམ་ཚུལ་བརྗེ་རེས་སོགས་བྱས་ཡོད་འདུག །
ཚོགས་བཅར་བ་ཁག་ཅིག་གིས་ཚོགས་འདུ་ཚོགས་ཡུལ་དང་། དེ་བཞིན་ཚོགས་འདུའི་ནང་ཤེས་ཡོན་མི་སྣ་མང་པོ་ཞིག་དང་ལྷན་དུ་མཉམ་ཞུགས་བྱེད་རྒྱུ་བྱུང་བ་ཧ་ཅང་དགའ་ཚོར་ཆེན་པོ་བྱེད་བཞིན་འདུག
སྤྱིར་སྟངས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་འདི་བཞིན་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམས་བཞིན་པའི་བོད་པའི་སློབ་མ་རྣམས་ཕན་ཚུན་ངོ་ཤེས་དང་འབྲེལ་འདྲིས་ཡོང་སླད་དང་། མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་སློབ་མ་རྣམས་ཀྱི་དཀའ་སྡུག་གི་གནས་སྟངས་རྒྱུས་ལོན་གསལ་པོ་ཡོང་ཆེད། སྤྱི་ལོ་༢༠༠༦ལོར་གསར་འཛུགས་ཀྱིས་ལོ་ལྟར་སྐོང་ཚོགས་གནང་མུས་དང་། འདས་པའི་ལོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་སྐོང་ཚོགས་གནང་ཐུབ་མེད་པ་དང་། ད་ཐེངས་འདི་བཞིན་ཚོགས་འདུ་ཐེངས་བཅོ་ལྔ་པ་དེ་ཆགས་ཀྱི་ཡོད་ཅིང་། ཚོགས་འདུའི་མཐོ་སློབ་ཁག་༢༥ནས་ཁྱོན་ཚོགས་བཅར་བ་སློབ་མ་༩༠ལྷག་མཉམ་ཞུགས་ཀྱིས་འདི་ཚེས་༡༠ནས་༡༥བར་འཚོགས་རྒྱུ་ཡིན་པ་རེད་འདུག ད་ལྟའི་ཆར་རྒྱ་གར་ནང་མཐོ་སློབ་འགྲིམ་བཞིན་པའི་བོད་ཀྱི་སློབ་མ་སྟོང་ཕྲག་ཁ་ཤས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།