ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jon Ossoff མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་འདུག

དེ་ཡང་ད་རིང་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ Jon Ossoff མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་དང་། དེ་ནས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་ཀྱང་གནང་ཡོད་འདུག
བོད་པའི་གསར་འགོད་པར་དམིགས་བསལ་བཀའ་མོལ་གནང་མེད་ཀྱང་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་རྒྱ་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་བོད་མི་དམངས་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་གྱི་སྐབས་སུ་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་གཙོས་པའི་སྤྱི་འཐུས་རྒྱུན་ལས་འཐུས་མི་རྣམ་པ་དང་ཚོགས་དྲུང་ཡིག་ཚང་གི་ལས་བྱེད་བཅས་ཀྱིས་ཕེབས་བསུ་ཞུས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ནང་བོད་ཀྱི་གནད་དོན་དང་བཙན་འབྱོལ་བོད་མིའི་གྲོས་ཚོགས་ཀྱི་འགྲོ་ལུགས་སོགས་ཀྱི་སྐོར་ཕན་ཚུན་ངོ་སྤྲོད་ཀྱིས་བསམ་ཚུལ་ལྷུག་པོ་ངང་བརྗེ་རེ་བྱུང་འདུག
སྐབས་དེར་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ད་ཐེངས་ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་གི་གཟིགས་སྐོར་དེས། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་མིའི་སྒྲིགས་འཛུགས་དེ་བོད་མི་དམངས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་ཅིག་ཡིན་པ་དང་། བོད་དོན་སེལ་ཐབས་ཆེད་བོད་མིའི་སྒྲིགས་འཛུགས་དང་ལྷན་དུ་བཀའ་བསྡུར་དགོས་པའི་བརྡ་ལེན་གསལ་པོ་ཞིག་སྤྲོད་པ་རེད་ཅེས་གསུངས་འདུག
གྲོས་ཚོགས་འཐུས་མི་Jon Ossoff མཆོག་གིས་ཁོང་རྡ་རམ་ས་ཕེབས་ནས་༧གོང་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དང་བོད་མིའི་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུས་ལོན་ཐུབ་པ་དགའ་ཚོར་བྱུང་། བོད་དོན་འཐབ་རྩོད་ནི་སེམས་འགུལ་ཐེབས་པ་ཞིག་དང་སེམས་ཤུགས་སྐྱེས་གཞི་ཞིག་རེད། ཁོང་གིས་གཟིགས་སྐོར་གྱི་དམིགས་ཡུལ་གཙོ་བོ་དེའང་བོད་དོན་འཐབ་རྩོད་ཀྱི་མེ་རོ་ཇི་ལྟར་རྒྱུན་གནས་ཐུབ་ཀྱི་ཡོད་པ་ཤེས་རྟོགས་ཆེད་ཡིན་ཞེས་གསུངས་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་Jon Ossoff ་མཆོག་ནི་ཨ་རིའི་ཨེཊླན་ཊའི་གྲོང་ཁྱེར་ནང་སྐུ་འཁྲུངས་ཞིང་། རིམ་པས་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ George Town University གཙུག་ལག་སློབ་གཉེར་ཁང་ནས་ཆེ་མཐོའི་སློབ་གཉེར་གནང་ཡོད་འདུག དེའི་གོང་ཉམས་ཞིབ་གསར་འགོད་པ་དང་། དངོས་འབྱུང་གློག་བརྙན་བཟོ་བསྐྲུན་པ་དང་། དེ་བཞིན་རྒྱལ་ཁབ་ནང་ལྐོག་ས་རུལ་སུངས་དང་། དྲག་གནོན་བྱེད་མཁན་གྱི་གནད་དོན་ཐོག་ཕྱག་ལས་གནང་མྱོང་ཡོད་འདུག
ཁོང་༢༠༢༠ལོར་ཨ་རིའི་ Georgia མངའ་སྡེ་ནས་གྲོས་ཚོགས་གོང་མའི་འཐུས་མིའི་འོས་བསྡུ་སྐབས་རྣོ་ངར་དང་འགྲན་བརྩོད་ཆེ་བའི་འོས་བསྡུའི་ཁྲོད་ནང་འདེམས་ཐོན་བྱུང་བ་དང་། དེ་ནི་དམངས་གཙོ་ཚོགས་པ་ལ་གྲོས་ཚོགས་ནང་གལ་གནད་ཆེན་བའི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་རེད། འཐུས་མི་ཁོང་དགུང་གྲངས་ ༣༥ ཡིན་པས་གྲོས་ཚོགས་གོང་མའི་ནང་འཐུས་མི་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་འདུག
ཁོང་གིས་གྲོས་ཚོགས་གོང་མའི་ནང་། རྒྱལ་སྲུང་དང་། དངུལ་ཁང་། གཞུང་འབྲེལ་ལས་དོན་ཚན་པའི་ཚོགས་ཆུང་གི་ཚོགས་མིའི་ཐུགས་འགན་བཞེས་ཀྱི་ཡོད་འདུག
དམིགས་བསལ་ད་རེས་ཕྱི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ནས་བཟུང་ཉིན་གྲངས་དྲུག་རིང་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་ཕེབས་ཡོད་པ་དང་། ཉིན་གྲངས་གསུམ་རིང་རྒྱ་གར་གྱི་ཁྲོམ་རའི་བསྟི་གནས་ཆེ་ཤོས་མུམ་བྷ་ཡེ་ནང་ཕེབས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་གཞན་ཡང་ཚོང་པ་ཆེ་ཁག་དང་། འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་རྒྱ་གར་དང་ཨ་རི་ཡུལ་གཉིས་དབར་འབྲེལ་བ་ཟབ་ཏུ་གཏོང་ཐབས་ཐོག་གྲོས་བསྡུར་གནང་ཡོད་འདུག ད་ཐེངས་ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་དང་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་མང་གཙོ་དུས་ཆེན་སྲུང་བརྩི་དང་བསྟུན་ཕེབས་ཡོད་པ་དང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་ལ་རྒྱབ་སྐྱོར་དེ་སྔ་བཞིན་མུ་མཐུད་ནས་ཤུགས་ཆེན་པོ་གནས་མོས་ཡིན་པ་རེད་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག