བོད་ཀྱི་གཞས་པ་གྲགས་ཅན་གངས་བཞུགས་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག

2024.01.02
བོད་ཀྱི་གཞས་པ་གྲགས་ཅན་གངས་བཞུགས་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག བོད་ཀྱི་གཞས་པ་གངས་བཞུགས་ལགས་ཀྱི་པར་རིས། ཟླ་ཚེས་མི་གསལ།
སྤྱི་ཚོགས་དྲ་ལམ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༢ ཉིན་བོད་ནང་གི་ཞོགས་པའི་ཕྱག་ཚོད་ ༣།༡༨ སྟེང་། བོད་ཀྱི་གཞས་པ་གྲགས་ཅན་གངས་བཞུགས་ལགས་སྙུན་གཞིའི་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བོད་ནང་གི་སྒྱུ་རྩལ་བ་སྨན་བླ་སྐྱབས་ལགས་ནས་གངས་བཞུགས་ལགས་སུ་ནད་གཞི་མྱུར་སྐྱོབས་བྱས་ཀྱང་ཕན་འབྲས་མ་བྱུང་བར། གློ་བུར་འདས་གྲོངས་སུ་ཕྱིན་སོང་བས་ཁོང་གི་ཕ་མ་སྤུན་མཆེད་དང་སློབ་བུ་དང་དགའ་ཉེ་དག་ནས་མྱ་ངན་དང་གདུང་སེམས་བསྲི་རོགས་ཞུ་རྒྱུ་ལས་ཐབས་གཞན་ཅི་ཡང་མེད་སྐོར་འགྲེལ་བརྗོད་གནང་འདུག 

གཞས་པ་གངས་བཞུགས་ལགས་ནི་བོད་ནང་གླུ་གཞས་སྒྱུ་རྩལ་ཐད་ནས། མི་མང་གིས་དགའ་བསུ་ཤུགས་ཆེར་ཐོབ་ཡོད་པའི་གཞས་པ་རྒན་གྲས་ཤིག་དང་། སྤྱི་ཚོགས་སྟེང་ཁོང་ལ་བོད་ཀྱི་མཛའ་གཞས་རྒྱལ་པོར་འབོད་སྲོལ་ཞིག་ཀྱང་བྱུང་ཡོད་པ་དང་། ཐེངས་འདིར་ཁོར་འདས་གྲོངས་སུ་ཕྱིན་པར་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་སོགས་བྱེད་མཁན་མང་དག་ཅིག་རྒྱུད་སྤེལ་བྱེད་བཞིན་འདུག་པ་ལས། བོད་མི་ཞིག་གིས་གངས་རིའི་གླུ་སྐད་ཅིག་བཞུད་སོང་དང་། གངས་བཞུགས་བཞུད་སོང་ལ་ཁོང་གི་གླུ་གཞས་འཛོམས་པ་ཡག་མོ་ལུས་སོང་སོགས་བཀོད་འདུག 

གངས་བཞུགས་ལགས་ནི་ཕྱི་ལོ་ ༡༩༧༣ ཟླ་བ་ ༩ ཚེས ༡༥ ཉིན་བོད་ནང་གི་རྔ་བ་རུ་སྐྱེས་ཤིང་། སི་ཁྲོན་རོལ་དབྱངས་སློབ་གླིང་ནས་རོལ་དབྱངས་ཆེད་ལས་ཐོག་སློབ་མཐར་ཕྱིན་ཡོད་པ་དང་། ཁོང་ཉིད་ཕྱི་ལོ་དགུ་བཅུ་གོ་གྲངས་ཙམ་ཞིག་ནང་བཙན་བྱོལ་དུ་འབྱོར་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་གཉེར་གནང་མྱོང་ཡོད་འདུག་ལ། རྗེས་སུ་ཁོང་ཕྱིར་བོད་དུ་ཕེབས་ནས་བོད་ཀྱི་རྡུང་ལེན་པ་བདུད་བྷེ་ལགས་དགེ་རྒན་དུ་བརྟེན་ནས་རྡུང་ལེན་རྒྱུ་རྩལ་གཙོས་གླུ་གཞས་ཆེད་ལས་སློབ་གཉེར་གནང་ཡོད་འདུག་ལ། སྨན་བླ་སྐྱབས་ལགས་ནས་གངས་བཞུགས་ལགས་ཀྱིས་བོད་ནང་གི་མདོ་དབུས་ཁམས་གསུམ་ནས་སློབ་ཕྲུག་མང་དག་ཅིག་བསྐྱངས་གནང་ཡོད་པ་སོགས་བརྗོད་འདུག

གངས་བཞུགས་ལགས་སུ་ཚབ་མཚོན་གླུ་གཞས་བརྩམས་ཆོས་ལ་ཟླ་འོད་འོག་གི་པོ་ཏ་ལ་དང་། མཛེས་པའི་མཁུར་ཚོས་དམར་པོ། གངས་ལྗོངས། སེམས་པའི་ལོག་མལ། སྙིང་ཁོང་གི་འབོད་པ། འཛོམས་པ་ཡག་མོ་ལ་སོགས་མང་པོ་ཡོད་པ་ལས། སེམས་ཀྱི་ལོག་མལ་དང་འཛོམས་པ་ཡག་མོ་སོགས་བོད་མདོ་དབུས་ཁམས་གསུམ་ཡོངས་ལ་སྐད་གྲགས་ཤུགས་ཆེར་ཕྱིན་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎