རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་ནང་ཆབ་སྲིད་དང་དམར་ཤོག་གི་ལྟ་བའི་སློབ་གསོ་སྤེལ་བཞིན་འདུག


2020.06.15
ལྷ་སའི་འབྲིང་རིམ་སློབ་གྲྭའི་འཛིན་གྲྭ་ཞིག་གི་ནང་། ལྷ་སའི་འབྲིང་རིམ་སློབ་གྲྭའི་འཛིན་གྲྭ་ཞིག་གི་ནང་།
AP

རྒྱ་ནག་གཞུང་འབོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གྲྭ་ཁག་ནང་ཆབ་སྲིད་ཀྱི་སློབ་གསོ་དང་དམར་ཤོག་གི་ལྟ་བའི་སློབ་གསོར་དོ་སྣང་བྱས་པ་ལས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་བོད་སྐད་ཡིག་གི་སློབ་གསོའི་ཐད་གཞུང་ཕྱོགས་ཀྱི་སྟངས་འཛིན་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ད་རེས་སྤྱི་ཟླ་༦་ཚེས་༡༢་ཉིན་རྒྱ་ནག་དབུས་གཞུང་གི་སློབ་གསོ་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོའི་ཁྱབ་ཁོངས་སུ་རྒྱ་ནག་ནས་རྒྱབ་སྐྱོར་གྱི་ལས་གཞི་དང་འབྲེལ་ཡོད་ཀྱི་ཚོགས་འདུ་ཞིག་དྲ་ལམ་བརྒྱུད་སྐོང་ཚོགས་བྱས་ཤིང་། ཚོགས་འདུའི་ཐོག་རྒྱ་ནག་དབུས་གཞུང་སློབ་གསོ་ལྷན་ཁང་གི་འགོ་ཁྲིད་གྲེན་སྦའོ་ཧྲེང་གིས་བོད་ཀྱི་སློབ་གསོའི་ལས་དོན་ཐོག་རྒྱ་ནག་དབུས་གཞུང་གི་ལངས་ཕྱོགས་དང་བྱ་ཐབས་ཁག་ངོ་སྤྲོད་བྱས་པ་དང་། བོད་ཀྱི་སློབ་གསོའི་ལས་དོན་ལ་དབུས་གཞུང་གིས་དོ་སྣང་ཆེན་པོ་བྱས་ཏེ་རྒྱ་ནག་གི་ས་གནས་ཁག་ཅིག་ནས་ཆེད་མངགས་བོད་སྐྱོར་དགེ་རྒན་བཏང་པ་སོགས་ཀྱི་ཐོག་ནས་སློབ་གསོའི་ལས་དོན་ལ་གྲུབ་འབྲས་ཐོན་ཡོད་རུང་། རྒྱ་ནག་དང་བསྡུར་ན་ད་དུང་ཁྱད་པར་ཡོད་པ་བརྗོད་འདུག་ལ། དམིགས་བསལ་ནན་བརྗོད་བྱས་པར། བོད་ཁུལ་གྱི་དགེ་རྒན་དང་སློབ་མའི་ཆབ་སྲིད་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱབ་སྟེ་རྒྱ་ནག་གི་ཀྲུང་ཧྭ་མི་རིགས་ཟེར་བའི་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་བརྗོད་འདུག
ཡང་གོང་ཞུས་ཀྱི་ཚོགས་འདུ་འདིའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུ་དབྱིང་ཇེའེ་ནས་ཀྱང་དྲ་ལམ་བརྒྱུད་གཏམ་བཤད་སྤེལ་པའི་ནང་། བོད་ཀྱི་སློབ་གསོའི་ལས་དོན་ཐད་མི་གང་འདྲ་ཞིག་གསོ་སྐྱོང་དགོས་པ་དང་། གང་འདྲ་བྱས་ཏེ་གསོ་སྐྱོང་དགོས། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་ཀྱི་ཡོད་པ་འདི་ལས་འགན་གྱི་གཞི་རྩར་བཟུང་སྟེ་ཆབ་སྲིད་བསམ་བློའི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས་པ་བརྗོད་འདུག འོན་ཀྱང་ད་ལྟ་བོད་ཀྱི་ས་གནས་ཁག་ཏུ་བོད་ཀྱི་སྐད་ཡིག་སློབ་གསོ་གདེང་ངེས་མེད་པ་དང་། སྲོལ་རྒྱུན་རིག་གཞུང་གི་སློབ་གསོ་ཉུང་དྲག་པ་སོགས་ཀྱི་དཀའ་ངལ་སེལ་ཐབས་ཐད་བགྲོ་གླེང་གང་ཡང་བྱས་མི་འདུག
བོད་ཀྱི་སློབ་གསོ་གླེང་པའི་སྐབས་གཞུང་ཕྱོགས་ཀྱིས་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་ཆབ་སྲིད་བསམ་བློའི་སློབ་གསོ་དང་རྒྱ་མི་རིགས་ལ་བསྒྱུར་པའི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་གི་ཡོད་པའི་ཐོག་ད་ཆ་ལྷ་སར་མཚོན་ན་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ཐད་ཀར་འབྲེལ་བ་ཆགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་པ་མང་པོ་ཡོད་རུང་འདི་རྣམས་ནི་ཡུལ་སྐོར་དུ་ཡོང་མཁན་རྒྱ་མི་རིགས་ཀྱི་བསྐྱོད་ཡུལ་ཙམ་ལས་སློབ་ཆུང་གི་སློབ་དེབ་ནང་ཡོད་པའི་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་ལ་སོགས་པ་ངོ་སྤྲོད་བྱས་པའི་རྩ་ཆེའི་གནས་འདི་ཚོར་ས་གནས་རང་གི་བོད་པའི་སློབ་མ་ཚོ་སྐྱོད་ཆོག་གི་མེད་པའི་སྐོར་ལྷ་སའི་ནང་ཡོད་པའི་སློབ་མའི་ཕ་མ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག་ལ། རྒྱུན་དུ་སློབ་གྲྭ་ནས་བོད་ཕྲུག་ཚོ་མཆོད་མཇལ་དང་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་ཆོག་པ་བརྗོད་པའི་ཐོག གལ་ཏེ་སོ་ལྟའི་བརྙན་པར་ནང་ཐེབས་ཡོད་ཚེ་སློབ་གྲྭ་ནས་ཉེས་པ་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་འདུག
དེ་མིན་ཡང་ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་མི་རབས་རྗེས་མར་དོ་འཁུར་བྱེད་པའི་ལས་དོན་ལྷན་ཁང་གི་ཡིག་ཚང་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས། རྒྱ་ནག་དམར་ཤོག་གི་གཞོན་ནུ་སྡེ་ཚོགས་ཀྱི་རང་སྐྱོང་ལྗོངས་ཁུལ་གི་ལས་ཁུངས་བཅས་ཐུན་མོང་ཐོག་ནས་ཡིག་ཆ་ཞིག་བཏོན་ཡོད་པའི་ནང་། བོད་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོས་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་ཀྱི་ལོ་རྒྱུས་སྦྱངས་ཏེ་དམར་པོའི་ལྟ་བ་རྒྱུད་འཛིན་བྱེད་པ་ཟེར་བའི་སློབ་གསོ་སྤེལ་སྒོ་ཚུགས་ཡོད་འདུག་པས། དེ་ནི་རྒྱ་ནག་དབུས་གཞུང་གི་སློབ་གསོ་ལྷན་ཁང་ནས་བོད་ཀྱི་སློབ་གསོའི་ལས་དོན་འདི་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ནང་ནས་གལ་ཆེ་ཡིན་པ་བརྗོད་པ་འདིའི་ཁྲོད་ནས་སྤེལ་བའི་བྱ་ཐབས་རིམ་པ་ཁག་དང་། བོད་ཀྱི་སྐད་ཡིག་སློབ་གསོ་ཤུགས་ཆུང་རུ་བཏང་སྟེ་རྒྱ་ཡི་སྐད་ཡིག་གི་སློབ་གསོ་གཙོ་བོར་བཟུང་པའི་ཐོག་ནས་མི་རབས་གསར་པའི་བོད་པ་ཚོའི་ཀླད་པའི་ནང་དམར་པོའི་ལྟ་བ་དང་བོད་སྐད་ཡིག་དང་བོད་ཀྱི་རིག་གཞུང་ལ་ཆ་རྒྱུས་མེད་པའི་བོད་པ་ཞིག་གསོ་སྐྱོང་བྱེད་པའི་ཆེད་ཀྱི་སློབ་གསོ་སྲིད་ཇུས་ཤིག་ཡིན་པས། དེ་ནི་བོད་མི་རྒྱ་མིར་བསྒྱུར་པའི་གོམ་སྟབས་མགྱོགས་རུ་གཏོང་གི་ཡོད་པར་བོད་ནང་ཡོད་མཁན་མང་པོས་ངོས་འཛིན་དང་སེམས་འཚབ་བྱེད་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎