བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་དཀའ་ངལ་ཆེ་ཤོས་ནི་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་དེ་ཡིན་འདུག

སློབ་གྲྭ་ཁག་ཟླ་སྒྲིལ་གྱི་ལམ་ཁ་དེར་མི་འགྲོ་རང་འགྲོ་དང་དེ་མ་གཏོགས་ཐབས་གཞན་མེད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སམ་བྷོ་ཊ་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུའི་སྟེང་གསུངས་སོང་།ཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་༡པོའི་ཚེས་༦ནས་༨བར་ཉིན་གསུམ་གྱི་རིང་། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ཐེངས་༡༦པ་ཚོགས་པའི་མཇུག་སྡོམ་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་ལམ་སྟོན་གནང་སྐབས། ཐོག་མར་བོད་སློབ་ཁག་གི་འགན་འཛིན་དགེ་རྒན་རྣམ་པས་བོད་ཕྲུག་གི་ཤེས་ཡོན་ཐོག་ཐུགས་ཁུར་ཞབས་ཞུ་བསྒྲུབས་པར་ལེགས་གསོལ་བསྔགས་བརྗོད་གནང་བ་དང་། བོད་སློབ་ཁག་གི་ད་ལྟའི་གནས་སྟངས་དང་མ་འོངས་བའི་ཁ་ཕྱོགས་སྐོར་གསུངས་སྐབས། ད་ལྟའི་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁ་ཤས་ནང་ཡུལ་མི་མ་གཏོགས་བོད་ཕྲུག་མེད་པ་དང་། སློབ་གྲྭ་མང་ཆེ་བར་བོད་མི་སློབ་ཕྲུག་ལས་ཡུལ་མི་མང་བ་ཆགས་ཡོད་པ། སློབ་གྲྭ་ཁག་ཅིག་ཏུ་བོད་མི་དང་ཡུལ་མི་གཉིས་མང་ཉུང་གཅིག་མཚུངས་ཡིན་པ། ང་ཚོའི་སྲིད་ཇུས་ཀྱི་ངོ་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་གཞིར་བཟུང་། བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་དེ་དག་ལ་ཤེས་ཡོན་སྤྲོད་སྟངས་ཀྱི་སྲིད་ཇུས་གཅིག་པ་འཛིན་རྒྱུར། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་དེ་ལ་འགྱུར་བ་མེད་པར་འགྲོ་རྒྱུའི་གཏན་འཁེལ་བསྡད་ཡོད་ཅིང་། ད་ལྟ་སྤྱི་ཚོགས་འགྱུར་འགྲོས་ལ་དཔག་པའི་སློབ་གྲྭར་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་པ་ཚང་མས་མངོན་གསལ་གཟིགས་བསྡད་ཡོད་པས། གནས་སྟངས་དེ་ལ་དཔག་པའི་མ་འོངས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་ཁ་གསལ་ཅིག་ངེས་པར་བཟོ་དགོས་པ་དང་། ང་ཚོ་ད་ལྟ་སློབ་གྲྭ་ཁག་ཟླ་སྒྲིལ་གྱི་ལམ་ཁ་དེར་མི་འགྲོ་རང་འགྲོ་དང་དེ་མ་གཏོགས་ཐབས་གཞན་མེད་པའི་སྐོར་གསུང་བཤད་གནང་སོང་།
སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས། ང་ཚོའི་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཆ་ནས་དེང་དུས་ཀྱི་ཡར་རྒྱས་དང་ལྷན་གོམ་པ་མཉམ་སྤོ་བྱེད་ཐུབ་པ་དང་། སྲོལ་རྒྱུན་གྱི་ཆ་ནས་ཀྱང་བོད་ཀྱི་སྐད་དང་ཡི་གེ་རིག་གཞུང་བཅས་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག ང་ཚོས་དེ་སྔ་ལས་ལྷག་པའི་ཤུགས་སྣོན་བྱས་བསྡད་ཡོད་པ་དང་། སློབ་གྲྭ་ཁག་ནང་ཛ་དྲག་ཤོས་ནི་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་དེ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཚོགས་ཞུགས་པ་སམ་བྷོ་ཊ་ཅོན་ཏ་ར་སློབ་གྲྭའི་འགན་འཛིན་ཉི་མ་ལྷ་མོ་ལགས་ནས། སྤྱི་ཚོགས་ཀྱི་འགྱུར་བའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི། སློབ་གྲྭ་ཁག་ནང་ཕྲུག་གུའི་གཤིས་སྤྱོད་ཀྱི་ཆ་ནས་དཀའ་ངལ་ཅིག་ཆགས་ཡོད་པ་དང་། སྔར་འཛིན་གྲྭའི་ནང་སློབ་ཕྲུག་སུམ་ཅུ་བཞི་བཅུ་ཡོད་པ་ལས་ཀྱང་དེང་སང་གི་སློབ་ཕྲུག་ལྔ་དྲུག་ལ་སློབ་ཁྲིད་བྱ་རྒྱུ་དཀའ་ངལ་ཆེ་བའི་ཉམས་མྱོང་བྱུང་བ་འགྲེལ་བརྗོད་གནང་གི་འདུག
སྦེལ་ཀོབ་སམ་བྷོ་ཊ་སློབ་གྲྭའི་ཚོགས་ཞུགས་པ་ཟླ་བ་བཀྲ་ཤིས་ལགས་ནས། ཚོགས་འདུ་འདིའི་སྟེང་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ཁག་ཚགས་ཚུད་ཡར་རྒྱས་གཏོང་ཕྱོགས་སོགས་གོ་བསྡུར་ཞུས་ཐུབ་པ་འགྲེལ་བརྗོད་གནང་གི་འདུག
སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་ལོ་འཁོར་འགན་འཛིན་ཚོགས་འདུ་ནི། ལོ་རེའི་ནང་ཐེངས་རེ་ཚོགས་བཞིན་པ་དང་། ད་ལན་གྱི་ཚོགས་འདུའི་སྟེང་ས་གནས་ཁག་༣༤ནས་དགེ་ཆེ་དང་སློབ་སྤྱི་སོགས་འགན་འཛིན་༣༠མཉམ་ཞུགས་གནང་ཡོད་ཅིང་། ལྷན་ཚོགས་སུ་གྲོས་ཆོད་དོན་ཚན་དྲུག་བཞག་ཡོད་པའི་ནང་། དུས་ཚོད་མང་ཤོས་གྲོས་ཆོད་དོན་ཚན་༢པའི་སྟེང་བཏང་ཡོད་པའི་ནང་དོན་ནི། སློབ་གྲྭ་སོ་སོའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སུ་གསར་གཏོད་ཀྱི་རྣམ་པ་འདྲ་མིན་ཡོང་བ་སོགས་འགན་འཛིན་ཚང་མར་བློ་བསྐྱེད་དང་མིག་དཔེ་བསྟན་ཚུལ་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།