གྲྭའུ་དཔོན་རིན་ཆེན་ཚེ་རིང་ལགས་དགུང་ལོ་ ༩༣ ཐོག་འདས་གྲོངས་སུ་གྱུར་ཡོད་པ།
རྒྱ་གར་བྱང་ཕྱོགས་ཀམ་རའོ་བོད་མིའི་གཞིས་ཆགས་སུ་གནས་སྡོད་སྤྱི་ཟུར་གྲྭའུ་དཔོན་རིན་ཆེན་ཚེ་རིང་ལགས་འདི་ཚེས་ ༢༧ ཕྱི་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ལ་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་དགུང་ལོ་ ༩༣ ཐོག་འདས་གྲོངས་སུ་གྱུར་ཡོད་འདུགགྲྭའུ་དཔོན་རིན་ཆེན་ཚེ་རིང་ལགས་ནི་བོད་ཀྱི་སྐྱེ་རྒུ་མདོ་གྲྭའུ་ཚང་ཁྱིམ་ཚང་དུ་འཁྲུངས་པ་ཞིག་དང་ཁོང་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་དམར་གྱི་བོད་བཙན་འཛུལ་བྱེད་སྐབས་བོད་བསྟན་སྲིད་རང་དབང་གི་ཆེད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཐོག་མར་དབུ་བཙུགས་གནང་སྐབས་ཀྱི་མི་སྣ་གཙོ་བོའི་གྲས་སུ་ཡིན་པ་རེད་འདུག། ཡང་སྒང་ཏོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་་ཚོགས་པའི་ཚོགས་གཙོ་ཀརྨ་གཡུ་རྒྱལ་ལགས་ཀྱིས་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་དོན་ལྟར་ན། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ དགོང་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་བུ་གླིང་ག་ནས་བཙན་བྱོལ་དུ་ཕེབས་སྐབས་དམ་པ་ཁོང་ནི་སྐུའི་སྲུང་ཆའི་མི་སྣ་གཙོ་བོའི་གྲས་སུ་ཡིན་པ་གསུངས་ཡོད།ཡང་འདི་ལོའི་ཕྱི་ཟླ་ ༦ ནང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཀམ་རའོ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྒ་སྐྱེ་རྒུ་མདོའི་ས་སྐྱ་བརྩེ་ཆེན་བསམ་སྒྲུབ་གླིང་དགོན་གྱི་དགེ་འདུན་པ་གཙོ་བོར་འགྱུར་བའི་གཞིས་མི་དང་གྲྭའུ་དཔོན་རིན་ཆེན་ཚེ་རིང་ལགས་ཀྱི་བུ་མོ་ཚེ་བརྟན་བུ་ཁྲིད་ལགས་སུ་དམིགས་བསལ་མཇལ་ཁ་སྩལ་སྐབས་༸གོང་ས་མཆོག་གིས་གྲྭའུ་དཔོན་རིན་ཆེན་ཚེ་རིང་ལགས་ནི་ངོས་ཀྱི་གྲོགས་པོ་ཡིན་ཞེས་ཁོང་མོར་བཀའ་སྩལ་ཡོད་འདུག།
དམ་པ་ཁོང་ནི་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་བཞིན་སྤྱི་ལོ་ ༡༩༦༠ ཟླ་༩ ཚེས་ ༢ ཉིན་བོད་མིའི་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་ཐོག་མ་དེ་གནང་སྟེ། བོད་མི་མང་སྤྱི་འཐུས་སྐབས་དང་པོར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་མི་གྲངས་ ༡༣ བསྐོ་བཞག་གནང་པའི་ཁྲོད། ཁོང་མདོ་སྟོད་སྤྱི་འཐུས་སུ་བསྐོ་བཞག་གནང་ཞིང་། བོད་མི་མང་སྤྱི་འཐུས་སྐབས་དང་པོ་ནས་གསུམ་པ་བར་དང་། སྐབས་དྲུག་པ་བཅས་ལས་ཡུན་བཞིའི་རིང་མདོ་སྟོད་ཀྱི་སྤྱི་འཐུས་གནང་ཡོད་པ་མ་ཟད། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་རིམ་པའི་ནང་ཚོགས་གཙོ་དང་ཚོགས་གཞོན་བཅས་ཀྱི་འགན་ཁུར་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་དེབ་ཐེར་བཞིའི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཡང་གནང་མྱོང་ཡོད་པ་སྒང་ཏོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཀརྨ་གཡུ་རྒྱལ་ལགས་ཀྱིས་གསུངས།ཡང་དམ་པ་ཁོང་ནི་རྒྱ་གར་བྱང་ཕྱོགས་ཀམ་རའོ་བོད་མིའི་གཞིས་ཆགས་ཐོག་མར་གསར་བཙུགས་གནང་སྐབས་སུ་སྐུ་ལས་སྐྱོན་མཁན་གཙོ་བོའི་གྲས་སུ་ཡིན་པ་དང་ཁོང་ནི་བོད་མིའི་འཐབ་རྩོད་དང་འབྲེལ་ལོ་རྒྱུས་ལྡན་པའི་བཙན་བྱོལ་བ་མི་རབས་ཐོག་མའི་གྲས་སུ་ཆགས་ཀྱི་ཡོད་པ་རེད། ཁོང་འདས་གྲོངས་སུ་གྱུར་བ་ནི་བོད་མི་སྤྱི་དང་ལྷག་པར་དུ་མདོ་སྟོད་མི་མང་ལ་གྱོང་གུད་ཆེན་པོ་ཞིག་ཡིན་པ་སྒང་ཏོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཀརྨ་གཡུ་རྒྱལ་ལགས་ཀྱིས་གསུངས་ཀྱི་འདུག་པ་དང་ཡང་ངོ་དེབ་སོགས་ནང་ཁོང་ལ་མྱ་ངན་གྱི་གཤིས་ཚིག་དང་རྗེས་དྲན་ཞུ་མཁན་ཡང་ཡོད་པ་རེད།
ད་ལྟའི་ཆར་དམ་པ་ཁོང་གི་སྐུ་ཕུང་བདེ་སྐྱིད་གླིང་བོད་མིའི་གཞི་ཆགས་སུ་ཉིན་གྲངས་གསུམ་རིང་བཞག་གནང་རྒྱུ་དང་དེ་རྗེས་ཁོང་གི་སྐུ་ཕུང་ཀམ་རའོ་བོད་མིའི་གཞིས་ཆགས་སུ་གདན་ཞུས་ཀྱིས་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད་འདུག།
ཡང་འདི་ཚེས་ ༢༩ ཉིན་སྒང་ཏོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་གོ་སྒྲིག་ཐོག་དམ་པ་ཁོང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་སྨོན་ལམ་བསོག་གྲུབ་སོགས་གནང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།