རྒྱ་ནག་གཞུང་གིས་བཙན་ཤེད་འོག་ས་མཚམས་སུ་གནས་སྤོ་བྱེད་དུ་བཅུག་པའི་བོད་མི་ཚོའི་འཚོ་ཐབས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག

2024.08.15
རྒྱ་ནག་གཞུང་གིས་བཙན་ཤེད་འོག་ས་མཚམས་སུ་གནས་སྤོ་བྱེད་དུ་བཅུག་པའི་བོད་མི་ཚོའི་འཚོ་ཐབས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག ལྷ་སའི་ཉེ་འགྲམ་ཀུ་རུམ་ཡུལ་ཚོའི་རོང་མ་གནས་སྤོས་ས་ཁུལ། ༠༤།༠༢།༢༠༢༠
Photo: Chinese State Media

རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་མི་མང་སྟོང་ཕྲག་མང་པོ་བོད་དང་རྒྱ་གར། བལ་ཡུལ། འབྲུག་སོགས་དང་ཉེ་བའི་ས་མཚམས་ཁུལ་དུ་གྲོང་ཚོ་གསར་རྒྱག་བྱས་ཡོད་ནས་གནས་སྤོ་བྱེད་དུ་བཅུག་སྟེ་ཁོང་ཚོ་ས་མཚམས་སྲུང་དམག་ལྟར་བཞག་ཡོད་པ་རེད། ཡིན་ནའང་ཁོ་ཚོའི་ད་ལྟའི་འཚོ་ཐབས་དང་དཔལ་འབྱོར་གྱི་གནས་སྟངས་ཐད་དྲི་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད་པ་ནི། ས་མཚམས་ས་ཁུལ་དུ་གནས་སྤོ་བྱེད་མཁན་གྲོང་གསེབ་མི་མང་རྣམས་གཙོ་བོ་གཞུང་གི་རོགས་སྐྱོར་ཁོ་ནར་བརྟེན་དགོས་པ་དང་། ཡང་ཁག་ཅིག་ལ་ས་མཚམས་སྲུང་སྐྱོབ་དང་འབྲེལ་བའི་ལས་ཀའི་ཆེད་དུ་གླ་ཆ་ཕྲན་བུ་ཞིག་ལས་རག་གི་མེད་པའི་གནས་ཚུལ་ཐོན་འདུག
དེ་བཞིན་འདི་ཟླའི་ཚེས་༡༠་ཉིན་ཨ་མི་རི་ཀའི་ནིའུ་ཡོག་དུས་བབ་(New York Times)་གསར་ཤོག་གིས་སྤེལ་བའི་སྙན་ཐོའི་ནང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིན་གྱིས་ས་མཚམས་ས་ཁུལ་དུ་གནས་སྤོ་བྱེད་དུ་བཅུག་པའི་མི་མང་ཚོར་མཐའ་མཚམས་སྲུང་དམག་ཞེས་མིང་འབོད་བྱས་པ་མ་ཟད། གྲོང་གསེབ་ཁུལ་གྱི་མི་མང་དེ་ཚོ་དོན་དངོས་ཐོག་རྒྱལ་ཁབ་ཀྱི་ས་མཚམས་སྲུང་མཁན་དམག་མི་རེད་ཅེས་དང་། བོད་ཀྱི་མཐའ་མཚམས་སུ་གྲོང་ཚོ་གསར་འཛུགས་བྱས་པ་དེས་རྒྱ་ནག་གི་བདག་དབང་ལ་རྒྱ་གར་དང་། འབྲུག་ཡུལ། བལ་ཡུལ་བཅས་ཀྱིས་རྩོད་གླེང་བྱེད་བཞིན་པའི་ས་མཚམས་སུ་སྐྱོན་ཆ་མེད་པའི་རྟགས་མཚན་གྱི་ངོ་བོ་ཞིག་སྤྲད་ཡོད་པ་མ་ཟད། རྒྱ་ནག་གིས་རྩོད་རྙོག་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་སྐྱེད་རིང་ལུགས་ཀྱི་མཚོ་ཁུལ་བདག་བཟུང་བྱེད་བཞིན་ཡོད་པ་ལྟར། ད་ཆ་རྒྱ་ནག་གིས་ཞི་བའི་སྒོ་ནས་ས་ཐོག་ནས་ས་འབྲེལ་རྒྱལ་ཁབ་ཁག་གི་སའི་བདག་དབང་ལ་བཙན་འཛུལ་བྱེད་བཞིན་ཡོད་སྐོར་རྒྱ་དཀར་ནག་གཉིས་ཀྱི་བདེ་འཇགས་ཐོག་ཉམས་ཞིབ་པ་རྒྱ་གར་གྱི་མཁས་དབང་(Bhrama Chelleny)་ཡིས་གསུངས་འདུག
རྒྱ་ནག་གཞུང་གིས་འབྲུག་ཡུལ་གྱི་ས་མཚམས་ཁུལ་དུ་ས་ཆའི་བདག་དབང་རྩོད་བཞིན་པའི་འབྲོག་ལམ་ཁུལ་དུ་གྲོང་གསེབ་༡༡ཙམ་གསར་བསྐྲུན་བྱས་ཡོད་འདུག་ལ། གནས་ཚུལ་ནང་གསལ་བར། གནས་སྤོ་བྱས་པའི་བོད་རིགས་རྣམས་ལ་རྒྱ་ནག་གི་ཤོག་སྒོར་༢༠༠༠༠འམ་ཨ་སྒོར་༣༠༠༠ཙམ་སྤྲོད་ཀྱི་ཡོད་རུང་། ས་ཁུལ་དེ་དག་ནང་འཚོ་བའི་རྟེན་གཞི་གཞན་མེད་སྟབས་འཚོ་རྟེན་གྱི་ཁེ་ཕན་ཇི་ཙམ་ཡོད་མིན་ནི་བཤད་ཐུབ་རྒྱུ་ཁག་པོ་ཡིན་པ་རང་དབང་ཅན་གྱི་ཞིབ་འཇུག་གནང་མཁན་སྐུ་ཞབས་(Mathrw Akester)་ལགས་ཀྱིས་གསུངས་འདུག
དེ་བཞིན་ལོན་ཌོན་ནང་ཡོད་པའི་བོད་གནས་མཁས་དབང་སྐུ་ཞབས་(Robert Barnett)་ལགས་ཀྱིས། བོད་ཀྱི་འབྲོག་ས་ནས་ས་མཚམས་ཁུལ་དུ་གནས་སྤོ་བྱས་པ་དེས་སྲོལ་རྒྱུན་གྱི་གོམས་སྲོལ་དང་མཚོ་རྟེན་གྱི་རྨང་གཞི་མེད་པར་གྱུར་ནས་དཀའ་ངལ་འཕར་མ་འཕྲད་ངེས་ཡིན་པ་ཡང་གསུངས་འདུག ཡང་ཁོང་གིས་ཞིང་འབྲོག་མི་མང་ཚོར་མ་དངུལ་མེད་པའི་ཐོག་བཀོལ་སྤྱོད་བྱེད་རུང་བའི་ལག་རྩལ་མེད་པ་མ་ཟད། རིག་གཞུང་ལ་གོམས་འདྲིས་མེད་པ་བཅས་ཀྱི་དཀའ་ངལ་ཆེན་པོ་བྱུང་ཡོད་ལུགས་སོགས་བཀོད་འདུག

དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། སྤྱིར་རྒྱ་ནག་དང་རྒྱ་གར་བར་ལོ་རྒྱུས་ཐོག་ས་མཚམས་མེད་པ་དང་། ས་མཚམས་དེ་བོད་དང་རྒྱ་གར་བར་བྱུང་བའི་འཕགས་བོད་ས་མཚམས་རེད། སྐབས་དེར་ས་མཚམས་ཀྱི་དཀའ་ངལ་གང་ཡང་མེད། རྗེས་སུ་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་རྒྱ་ནག་གིས་བོད་དེ་བཞིན་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་ཁས་ལེན་བྱེད་ཀྱི་མེད་པར་བརྟེན་ས་མཚམས་ཀྱི་དཀའ་ངལ་དེ་དག་ཡོང་བཞིན་པ་རེད། ད་ཆ་ས་མཚམས་ཀྱི་ཆེད་མི་མང་ཚོ་ས་མཚམས་སུ་སྤོ་བྱེད་བཅུག་ནས་རྙོག་དྲ་དང་དཀའ་ངལ་ནང་བེད་སྤྱོད་གཏོང་བཞིན་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་མཐའ་མཚམས་ཙམ་མ་ཡིན་པར་འཛུགས་བསྐྲུན་གྱི་ལས་གཞི་འདྲ་མིན་འོག་ས་གནས་བོད་མི་ཚོ་འདོད་པ་མེད་བཞིན་དུ་ས་གནས་གཞན་ལ་གནས་སྤོ་བྱེད་བཅུག་པའི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་དང་། ཉེ་ལམ་བོད་ནས་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པ་གནས་སྤོ་བའི་ཁྲོད་ཀྱི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ༢༠༡༧་ལོར་ནས་བཟུང་རྒྱ་ནག་གཞུང་གིས་འདམ་གཞུང་ནས་འབྲོག་པ་དང་ས་མ་འབྲོག་ཡོངས་རྫོགས་ལྷ་སའི་ཀུ་རུ་ཟམ་པའི་གཡས་གཡོན་དུ་གནས་སྤོ་བྱེད་དགོས་བའི་བརྡ་ལན་སྤྲད་ཡོད་པ་རེད། འོན་ཀྱང་ང་ཚོར་གནས་སྤོ་བྱེད་རྒྱུའི་འདོད་པ་རྩ་བ་ནས་ཡོད་མ་རེད། ཐོག་མ་གནས་སྤོ་རྒྱུ་མིན་ཞེས་ཞུས་ཀྱང་དེ་ལ་རྒྱལ་ཁབ་ཀྱི་བཀའ་ལ་མི་བརྩི་མཁན་རེད་ཟེར་བཞིན་སྐབས་དེར་སྤུན་མཆེད་གསུམ་ཉེན་རྟོག་པས་བཙན་ཁྲིད་ཀྱིས་རྒྱལ་ཁབ་ལ་ངོ་ལོག་ཡིན་ཚུལ་གྱིས་བཀག་ཉར་བྱས་པ་དང་མཉམ་ཁོང་རྣམས་ལ་གཅར་རྡུང་བྱས་རྗེས་ཕྱིར་བཏང་སོང་། ང་ཚོས་རྒྱ་ནག་གཞུང་གི་བཀའ་ལ་མ་བརྩིས་ཐབས་མེད་རེད། མ་ཟད་གནས་སྤོ་དགོས་པའི་དུས་ཚོད་སྤྲད་རྗེས། དེ་སྔོན་ནས་ས་ཞིང་དང་སྒོ་ཕྱུགས་སེམས་ཅན། ར་ལུག་སོགས་ཁེ་བཟང་མེད་པའི་ཐོག་ནས་གློ་བུར་དུ་བཙོང་དགོས་བྱུང་ནས་ད་ལྟ་ང་ཚོ་ལ་གང་ཡང་མེད་པ་ཆགས་སོང་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎