བོད་ནང་གི་ཆབ་སྲིད་བཙོན་པ་དང་འབྲེལ་བའི་བགྲོ་གླེང་གནང་བ།


2016.04.22
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་བགྲོ་གླེང་སྐབས། ༢༠༡༦།༤།༢༡ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་བགྲོ་གླེང་སྐབས། ༢༠༡༦།༤།༢༡
ནོར་ལྡེ།

ཨ་རིའི་རྒྱལ་སར་བོད་ནང་གི་ཆབ་སྲིད་བཙོན་པ་དང་འབྲེལ་བའི་ཐད་བོད་དོན་ཉམས་ཞིབ་པ་ཁག་གཅིག་གིས་བགྲོ་གླེང་གནང་བ།
བོད་ནང་བོད་མི་ཆབ་སྲིད་བཙོན་པ་ཚོར་དྲང་བདེན་གྱི་ལམ་ནས་ཁྲིམས་གཏུག་བྱེད་ས་མེད་པའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ཡིན་པ་དང་། ཐབས་ཇུས་གཞན་ཡོད་མེད་ཀྱི་སྐོར་ལ་བོད་དོན་ཉམས་ཞིབ་པ་ཁག་གཅིག་གིས་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་སྐབས། བོད་ནང་བོད་མི་ཆབ་སྲིད་བཙོན་པ་ཁག་གིས་དྲང་བདེན་གྱི་ལམ་ནས་ཁྲིམས་གཏུག་བྱེད་ས་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ། རྒྱ་ནག་གི་ཁྲིམས་ལུགས་ལྷན་ཁང་ཁག་རང་དབང་ཅན་མིན་པ་དང་། རྒྱ་ནག་གཞུང་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་ཡོད་པས་རེད་ཟེར།
རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་བསྒྲིགས་འོག ཕྱི་ཚེས་༢༡ཉིན་གྱི་བགྲོ་གླེང་ཚོགས་འདུ་དེ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་ཚོགས་ཡོད་པ་རེད། བགྲོ་གླེང་ཚོགས་འདུ་དེའི་ཐོག་བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་མནར་གཅོད་ཀྱི་བྱ་སྤྱོད་ཁག་ཇི་ཡིན་གསལ་འདོན་དང་། བྱ་སྤྱོད་དེ་དག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་འཛོལ་ཡོད་མིན་སོགས་བགྲོ་གླེང་གནང་ཡོད།
བགྲོ་གླིང་དེའི་ཐོག་གཏམ་བཤད་བྱེད་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་AndreaWorden་ལགས་ཀྱིས། རྒྱ་ནག་གི་ཁྲིམས་གཞི་ལྷན་ཁང་རང་དབང་ཅན་གྱི་སྡེ་ཚན་ཞིག་མིན་པའི་རྒྱ་ནག་གུང་ཁྲན་དམར་ཤོག་ཚོགས་པའི་བཏང་འཛིན་འོག་ཡོད་པར་བརྟེན་ནས་ཕྱི་གསལ་ནང་གསལ་དང་དྲང་བདེན་གྱི་ཁྲིམས་གཏུག་འགྲོ་ས་མེད་པ་ཞིག་རེད་ཅེས་དང་། དེ་སྔོན་བོད་མི་ཆབ་སྲིད་བཙོན་པ་ཁག་གཅིག་ལ་རྒྱ་ནག་གི་ཁྲིམས་རྩོད་པས་རྒྱབ་སྐྱོར་གྱིས་ཁྲིམས་གཏུག་ངོས་ལེན་བྱས་ན་ཡང་། ཉེ་བའི་ཆར་སྲིད་འཛིན་ཤི་ཅིན་ཕེང་གིས་དབང་ཆ་འཛིན་པའི་རྗེས་སུ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ཁྲིམས་རྩོད་པ་ཚོར་བཀག་བསྡོམས་དང་གཉའ་གནོན་བྱས་པའི་རྐྱེན་དང་། དེ་བཞིན་རྒྱ་ནག་གི་བདེ་འཇགས་དང་འབྲེལ་བའི་ཁྲིམས་ལུགས་གསར་པ་ཁག་གསུམ་གཏན་འབེབས་བྱས་པ་དེ་དག་གིས་བོད་མི་ཆབ་སྲིད་བཙོན་པ་ཚོར་རྒྱ་ནག་གི་ཁྲིམས་ཁང་ནང་ཁྲིམས་གཏུག་བྱེད་རྒྱུའི་ནུས་པ་དང་། གོ་སྐབས་ཆུང་རུ་ཕྱིན་ནས་གྱོང་གུད་ཕོག་ཡོད་པ་བརྗོད་འདུག ཡིན་ན་ཡང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ཐད་ཀྱི་འགན་འཛིན་ལྕམ་Sophie་ལགས་ཀྱིས།  
རྒྱ་ནག་གཞུང་ལ་གནོད་ཤུགས་སྤྲོད་ཐུབ་མཁན་ཤུགས་ཆེ་ཤོས་དེ་རྒྱལ་སྤྱིའི་གཞུང་ཁག་ཡིན་པ་རེད། རྒྱ་ནག་གི་བཙོན་པ་ལེའུ་ཤོ་སྤོ་བཙོན་འཇུག་མ་བྱས་གོང་དུ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོད་ཤུགས་འདང་ངེས་ཤིག་སྤྲད་ཡོད་ཚེ་ཁོང་ལ་ད་ལྟའི་གནས་སྟངས་དེ་ཆགས་ཡོད་རྒྱུ་མ་རེད། ད་ལྟའི་སྐབས་རྒྱ་ནག་ནང་གི་ཁྲིམས་ལུགས་གཞི་བཟུང་བོད་མིའི་ཆབ་སྲིད་བཙོན་པ་ཚོའི་ཐོབ་ཐང་ལ་རྩོད་ལེན་བྱེད་རྒྱུ་ཁག་པོ་ཡིན་ན་ཡང་། རྒྱལ་སྤྱིའི་ཁྲིམས་ལུགས་བརྒྱུད་ནས་བོད་མིའི་ཆབ་སྲིད་བཙོན་པ་ཚོའི་ཐོབ་ཐང་ལ་སྲུང་སྐྱོབ་ཐུབ་པའི་ལམ་ཁ་ཡོད་པ་ཞིག་རེད། དཔེར་ན། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་རྒོལ་གྱི་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྙན་ཐོ་ལ་གལ་གནད་ཆེན་པོ་བརྩིས་ནས་རྒྱ་ནག་གི་སྐུ་ཚབ་ལ་འདྲི་རྩད་ནན་པོ་བྱས་པ་དེ་དཔེ་མཚོན་ཙམ་རེད། དེ་བཞིན་རྒྱལ་སྤྱིའི་སྟེང་ཆབ་སྲིད་བཙོན་པ་བྱེ་བྲག་པའི་ཐོག་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་དེ་དག་གིས་ཁ་ཡོད་ལག་ཡོད་ཀྱིས་བཙོན་ཁང་ནང་གུ་ཡངས་དང་མནར་གཅོད་མི་ཕོག་པ་སོགས་ཀྱི་མངོན་གསལ་དོད་པོའི་ནུས་པ་ཐོན་གྱི་ཡོད་པ་བརྗོད་འདུག
གཞནཡང་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གྱི་མི་སྣ་ཁག་ཅིག་གིས་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་སོགས་ཀྱི་སྐབས་སུ་ཆབ་སྲིད་བཙོན་པ་བྱེ་བྲག་པའི་མིང་བཏོན་ནས་བཙོན་གྲོལ་ཐོབ་ཐབས་སོགས་ཀྱི་ལས་འགུལ་ལ་ནུས་པ་ཏན་ཏན་ཐོན་ཐུབ་པ་ཞིག་རེད་ཅེས་དགོངས་འཆར་གསུངས་འདུག  
ཨ་རིའི་ཕྱི་སྲིད་ལས་ཁང་གིས་བོད་ནང་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་བཏང་བའི་སྙན་ཐོ་འདོན་སྤེལ་བྱས་བའི་ནང་། བོད་ནང་བོད་མི་ཆབ་སྲིད་བཙོན་པ་མི་གྲངས་༦༣༩ ཡོད་པ་སོགས་གནས་ཚུལ་ཞིབ་ཕྲ་བཀོད་གནང་ཡོད་པ་རེད། བགྲོ་གླེང་ཐོག་གཏམ་བཤད་བྱེད་མཁན་རྣམ་པས་བོད་ནང་བོད་མི་ཚོར་དཀའ་ངལ་ཕྲད་བཞིན་པ་དག་ནི་གང་བྱུང་གི་བཀག་སྐྱིལ་བྱེད་པ་དང་། གར་སོང་ཆ་མེད་དུ་གྱུར་བ། བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་གཏོང་བ་སོགས་དེ་འདྲའི་རྒྱ་གཞུང་གི་བྱ་སྤྱོད་དེ་ལ་རྒྱལ་སྤྱིའི་ཁྲིམས་ལུགས་བརྒྱུད་ནས་ཡ་ལེན་སྤྲོད་ཐབས་ག་རེད་ཡོད་མེད་སོགས་ཀྱི་ཐད་བགྲོ་གླེང་དང་དྲི་བར་དྲིས་ལན་ཡང་གནང་སོང་།
བཞུགས་སྒར་རྡ་རམ་ས་ལའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་ཀྱི་ཐོག་ཉམས་ཞིབ་མཁན་སྐུ་ཞབས་JohnGaudette་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་བ་དང་། བོད་དོན་དོན་གཉེར་བ་དང་གསར་འགོད་པ་བཅས་བགྲོ་གླེང་ལྷན་ཚོགས་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎